འབྲོག་ས་ཁག་ཏུ་སྤྱང་ཀིས་གནོད་འཚེ་གཏོང་བཞིན་ཡོད་པ།


2020.02.12
འབྲོག་ས་ཁག་ཏུ་སྤྱང་ཀིས་གནོད་འཚེ་གཏོང་བཞིན་ཡོད་པ། བོད་ནང་གི་འབྲོག་ས་ཁག་ཏུ་སྤྱང་ཀིའི་གྲངས་འབོར་ཇེ་མང་དུ་སོང་སྟེ་མི་དང་ཕྱུགས་ཟོག་ལ་སྤྱང་ཀིས་གནོད་འཚེ་ཚབ་ཆེན་གཏོང་གི་ཡོད་པ།
ཝུལཕ་ཨིན་ཊེ་ལི་ཇེན་སར།

བོད་ནང་གི་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲོག་ས་ཁག་ཏུ་སྤྱང་ཀིའི་གྲངས་འབོར་ཇེ་མང་དུ་སོང་ནས་མི་དང་ཕྱུགས་ཟོག་ལ་གནོད་འཚེ་ཚབ་ཆེན་གཏོང་གི་ཡོད་ཅིང་།ཉེ་ལམ་སྤྱང་ཀི་ཞིག་ཁྱུང་མཆུ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་རྒྱུགས་ཏེ་བུད་མེད་ཅིག་ལ་འཇབ་རྒོལ་གྱིས་བུད་མེད་དེའི་མགོ་དང་གདོང་པ།ལག་པ་དང་རྒྱབ་བཅས་ལ་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་པ་མ་ཟད།དེའི་རྗེས་ནས་ཀྱང་ཐེངས་ཁ་ཤས་ལ་ནོར་ལུག་ཐོག་འཇབ་རྒོལ་དང་བསད་རྨས་ཆེན་པོ་ཐེབས་ཡོད་ལུགས་བོད་ནང་སྐད་འཕྲིན་དྲ་ལམ་དུ་འགྲེལ་བརྗོད་གནང་གི་འདུག
དེ་སྔ་བོད་ཀྱི་འབྲོག་ས་ཁག་ཏུ་སྤྱང་ཀིས་ནོར་ལུག་གང་མཚམས་རེ་བསད་པ་མ་གཏོགས་འབྲོག་པ་མང་ཆེ་བས་མེ་མདའ་སོགས་ལག་ཆ་འཛིན་སྲོལ་ཡོད་པས་མི་ལ་གནོད་འཚེ་བྱས་པ་ཧ་ཅང་ཉུང་ཉུང་ཡིན་ནའང་བར་སྐབས་སྤྱི་ལོ་༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་།རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་ཚོའི་མེ་མདའ་སོགས་ལག་ཆ་ཡོངས་རྫོགས་བཙན་འཕྲོག་ཡར་བསྡུ་བྱས་པར་བརྟེན།བོད་ནང་སྤྱང་ཀིའི་གྲངས་འབོར་ཇེ་མང་དུ་སོང་ནས་སྤྱང་ཀིས་མི་ལ་འཇིགས་སྣང་མི་བྱེད་པར།ཉིན་མོ་ཚུན་ཆད་ལ་སྤྱང་ཀི་རྣམས་འབྲོག་པའི་ལྷས་ར་ནང་ཁང་པའི་སྒོ་འགྲམ་དུ་ཡོང་བ།ཐ་ན་སྒོ་ཁའི་བཏགས་ཁྱི་ཚུན་ཆད་ལ་སོ་བརྒྱབས་པ་དང་།མི་ཚོས་ཕར་སྐད་རྒྱག་པ་དང་རྫིག་རྫིག་བཏང་སོགས་ལ་འཇིགས་སྣང་མི་བྱེད་ཁར།ཚུར་མི་ལ་སོ་བརྒྱག་པར་ཐེ་ཚོམ་བྱེད་ཀྱི་མེད་པ་རེད།
གཞན་ཡང་མདོ་སྨད་མཛོད་དགེ་རྫོང་ཁོངས་ཀྱི་འབྲོག་པ་ཞིག་གིས་ཁོ་ལ་མཚོན་ན།མཚེར་ས་གང་འཚམ་ས་སྟོང་ཞིག་ཏུ་བསྡད་ཡོད་པས་སྤྱང་ཀིས་རྒྱུན་ཆད་མེད་པར་སེམས་ཅན་གསོད་ཀྱི་འདུག་པར་བརྟེན།རྟག་པར་ཉིན་མཚན་མེད་པར་ནོར་ལུག་རྣམས་མིག་གིས་འཚོས་ཏེ་བསྡད་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གོང་གསལ་ཁྱུང་མཆུ་རྫོང་གི་བུད་མེད་དེར་སོ་བརྒྱབ་མཁན་གྱི་སྤྱང་ཀི་དེ།ས་གནས་ཉེན་རྟོག་པ་ཚོས་འཇབ་སྒུག་གིས་གསོད་རྩིས་བྱས་ཀྱང་ཉེན་རྟོག་པའི་ལག་ཏུ་མ་ཚུད་པར།ཡང་བསྐྱར་འབྲི་གཡག་ཁྱུ་ཁག་ཅིག་ཡོད་པའི་ནང་མཆོངས་ཏེ་གང་བྱུང་གིས་སོ་བརྒྱབ་སྐབས་འབྲི་གཡག་ར་ཅན་ཁག་ཅིག་གིས་བརྡུངས་ཏེ་སྤྱང་ཀི་བསད་ཐུབ་ཡོད་པ་རེད་འདུག།
གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎