རྔ་པ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒལ་སྐད་འབོད།
2014.12.26

༄༅། །དེ་ཡང་བོད་ནས་ང་ཚོ་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ །༤༠ ཙལ་ལ། ཨ་མདོ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རྔ་པ་ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། དེ་ཡང་གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་ཞེས་པར་ལག་ཏུ༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་སྟེ “རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་སྐད་འབོད་གནང་ཡོད་ཀྱང་། ཁོང་གིས་སྐད་འབོད་གནང་སྟེ་སྐར་མ་གསུམ་བཞི་ལས་མ་འགོར་བར་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབྱོར་ཏེ། ཁོང་འཛིན་བཟུང་གིས་གཅར་རྡུང་དྲག་པོ་གཏོང་བཞིན་བཙན་འཁྲིད་བྱས་ཡོད་འདུག
ཁོང་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་བཞི་པའི་ཡིན་ཞིང་། ཕ་མིང་ལ་ནོར་ལྡན་དང་མ་མིང་ལ་མཆོག་གྲུབ་ཟེར་ཞིང་། ཁོང་འཛིན་བཟུང་བཙོན་ཁྲིད་བྱས་རྗེས་ཁོང་གི་གནས་སྟངས་ག་འདྲ་ཆགས་ཡོད་པའི་ཐད་ད་བར་དུ་ཤེས་རྟོགས་ཐོབ་མི་འདུག
འདས་པའི་ཉིན་ཁ་ཤས་སུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་ཡོད་པ་རེད།།
གསར་འགོད་པ་སྟག་ལྷ་རྒྱལ།