གྲྭ་ཨ་གྲགས་ལགས་ལ་ལོ་གསུམ་གྱི་བཙོན་ཁྲིམས་བཅད་པ།


2016.08.04
གྲྭ་ཨ་གྲགས་ལགས་ལ་ལོ་གསུམ་གྱི་བཙོན་ཁྲིམས་བཅད་པ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་ཀྱིས་སྔ་ལོ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྤེལ་བ།
བོད་ནས་བཏང་འབྱོར།

༄༅༎བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་སྔ་ལོའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་ཉེ་ལམ་གསང་བའི་ཐོག་ནས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་གཅོད་བྱས་ཡོད་འདུག དེ་ཡང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་ལགས་ཀྱིས་སྔ་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༠ ཉིན་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་རྒྱག་བཞིན་དུ་གོམ་བགྲོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་དེ་ནས་བཟུང་ད་བར་ཁོང་གར་ཡོད་ཙམ་ཡང་ཤེས་རྟོག་མེད་པར་གྱུར་ཡོད་ཀྱང༌། ཉེ་ལམ་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཨ་གྲགས་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་བ་གོ་རྒྱུ་ཡོད་སྐོར་འདི་གའི་བལ་ཡུལ་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་གསུངས་འདུག་པ་ལས། ཁྲིམས་གཅོད་ག་དུས་བྱས་པ་དང༌། དེ་བཞིན་ད་བར་ཁོང་གི་ནང་མི་སྤུན་མཆེད་སུ་གཅིག་ལའང་ཁོང་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ཨ་གྲགས་ལགས་ཀྱི་ད་ལྟའི་གནས་སྟངས་ཇི་འདྲ་ཡོད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོག་གང་ཡང་མེད་པ་གོང་ཞུས་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་དེ་ཡིས་གསུངས་འདུག དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་ནི་རྔ་བ་སུ་རུ་མ་གྲོང་ཚོ་ནས་ཡིན་པ་དང༌། ཁོང་གི་ཕའི་མཚན་ལ་འཛམས་པ་དང༌། མའི་མཚན་ལ་རིགས་ཁོ་ཞུ་ཡི་ཡོད་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ་དང་ཀུན་བཟང་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎