སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུའི་འདོད་པ་མེད་ཟེར།
2013.10.22

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ཡང་དག་པ་དེར་འགྱུར་བ་གཏོང་རྒྱུའི་འདོད་པ་རྩ་བ་ནས་མེད་པ་བརྗོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བཏོན་པའི་གཞུང་འབྲེལ་ཡིག་ཆ་དཀར་པོའི་ནང་། བོད་ནང་སྔར་བྱུང་མྱོང་མེད་པའི་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་འཁོད་ཞོར། རྒྱ་ནག་གིས་བོད་ཐོག་དབང་སྒྱུར་བྱས་པ་དེ་ཡང་དག་པ་ཞིག་ཡིན་ཁུལ་གྱི་འདོད་གཏམ་སྣ་ཚོགས་བཤད་ཡོད་པ་དང་། ༡༩༥༠ལོར་དམར་དམག་གིས་བོད་ལ་ཞི་བའི་བཅིངས་འགྲོལ་མ་བཏང་གི་བར་དུ། བོད་ནང་ཞིང་བྲན་ལམ་ལུགས་ཀྱི་རྐྱེན་པས་མང་ཚོགས་དབུལ་ཕོངས་ཡིན་པ་དང༌། ༡༩༥༩ལོར་རྒྱ་ནག་གིས་བོད་ཁུལ་དམངས་གཙོའི་བཅོས་སྒྱུར་བཏང་བ་དེ་ཡང་དག་པ་ཞིག་ཡིན་ཁུལ་བརྗོད་བཞིན་ཡོད་པ་རེད། ད་ལོའི་འགོ་སྟོད་Xi Jinpingགིས་རྒྱ་ནག་གི་སྲིད་འཛིན་ལས་འཁུར་བཟུང་བ་ནས་བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་གུ་ཡངས་ལ་འགྲོ་རྒྱུའིེ་རེ་བ་མང་པོ་ཞིག་བྱས་ཡོད་ཀྱང། ཞེ་ཡིས་བོད་ཐོག་རྒྱ་གཞུང་གི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུའི་རྣམ་འགྱུར་ཙམ་ཡང་བསྟན་མེད་པ་རེད།
དེ་བཞིན་གོང་གི་རྒྱ་ནག་གཞུང་གི་ཡིག་ཆ་དཀར་པོའི་ནང་རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་ཧ་ལས་པའི་གྲུབ་འབྲས་བཟང་པོ་བྱུང་ཡོད་ཚུལ་དང་། བོད་ཀྱི་ཡར་རྒྱས་དེ་དག་རྒྱ་གཞུང་གི་ཡང་དག་པའི་སྲིད་ཇུས་དང་ལོགས་སུ་དབྱེ་ཐབས་མེད་ཐོག་སྲིད་ཇུས་ཡང་དག་པ་དེར་འགྱུར་བ་གཏོང་རྒྱུའི་འདོད་པ་རྩ་བ་ནས་མེད་པ་བརྗོད་འདུག
འོན་ཀྱང་བཙན་བྱོལ་བོད་མི་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཁོར་ཡུག་སོགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འཛིན་བཞིན་ཡོད་པར་ཡང་ཡང་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་རེད།