རྒྱ་ནག་གཞུང་གི་ཁོར་ཡུག་དང་འབྲེལ་བའི་རྒྱབ་ཤ་དཀར་པོར་ལན་འདེབས།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་ཁོར་ཡུག་དང་འབྲེལ་བའི་རྒྱབ་ཤ་དཀར་པོར་ལན་འདེབས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད་པ་རེད།
-
2018-12-31 -
-
-
Your browser doesn’t support HTML5 audio
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་ཁོར་ཡུག་དང་འབྲེལ་བའི་རྒྱབ་ཤ་དཀར་པོར་ལན་འདེབས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག་ད་ལོའི་ཕྱི་ཟླ་བདུན་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞེས་པ་བཏོན་ཡོད་པ་དེའི་ལན་འདེབས་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་ཡིག་ཆ་དེའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཡར་རྒྱས་བཏང་ཡོད་པའི་སྐོར་བཀོད་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་ས་ཐོག་གི་དངོས་ཡོད་གནས་སྟངས་ལ་ཞིབ་ཚགས་རྟོགས་ཞིབ་སླད། ལན་འདེབས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཞིབ་འཇུག་གཏིང་ཟབ་དང་འབྲེལ་ལན་འདེབས་བྱས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་འདུག
ཡང་སྐབས་དེར་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱིས་ལེའུ་བརྒྱད་ཡོད་པའི་ལན་འདེབས་ཡིག་ཆ་དེའི་ནང་ བོད་ཀྱི་ཁོར་ཡུག་གལ་ཆེན་པོ་ཡིན་པའི་སྐོར་དང་། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཁོར་ཡུག་ལ་གོད་ཆག་བྱུང་བཞིན་པ། ལོ་རྒྱུས་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས། བོད་ནང་གཏེར་ཁ་སྔོག་འདོན་གྱི་རྐྱེན་དང་། དེ་བཞིན་ཆུ་རགས་མང་པོ་རྒྱབ་པ། འབྲོག་པ་གནས་སྤོར་བཅས་གྱི་རྐྱེན་གྱིས་ཁོར་ཡུག་ཉམ་ཆགས་འགྲོ་བཞིན་པ། བོད་ནང་གད་སྙིགས་ཇེ་མང་དུ་འགྲོ་བཞིན་པ་དེས་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་ཡོད་པ་སོགས་དང་། ས་གནས་ཀྱི་དཔེ་མཚོན་བཞི་བཅས་བཀོད་ཡོད་ཅེས་དང། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་འདུན་པ་དང་མི་མཐུན་པའི་ལས་དོན་ལག་བསྟར་བྱས་སྟབས་བོད་མི་ཚོས་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་སྐོར་ངོ་སྤྲོད་གནང་འདུག
གཞན་ཡང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ནང་གི་ཁོར་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པར། དེ་ནི་བོད་དང་རྒྱ་ནག ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་སྟབས། བོད་མི་དང་རྒྱ་ནག་གཞུང་གཉིས་མཉམ་རུབ་ཀྱི་ཐོག་ནས་སྒྲུབ་ཐུབ་པའི་ལས་དོན་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།