ཐའེ་ཝན་ནང་བོད་དོན་གོམ་བགྲོད་མཇུག་སྒྲིལ་ཡོད་པ།
2010.12.24
༄༅༎སྐུའི་གཅེན་པོ་སྟག་ཚེ་རིན་པོ་ཆེ་མཆོག་གི་སྲས་ཆུང་ཤོས་འཇིགས་མེད་ནོར་བུ་ལགས་ཀྱིས། ཡབ་དམ་པའི་དགོངས་གཞི་ལྟར་ལོ་ལྟར་ཨ་མི་རི་ཀའི་ནང་གོམ་བགྲོད་ཀྱི་ཐོག་ནས་བོད་དོན་དྲིལ་བསྒྲགས་གནང་བཞིན་ཡོད་ཀྱང་། འདི་ལོ་ཐའེ་ཝན་ནང་ལས་འགུལ་སྤེལ་གནང་ཡོད་པ་རེད།
དེ་ཡང་ཐོག་མར་ཟླ་བ་འདིའི་ཚེས་བཅུའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ནས། ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་ནས་འགོ་བཙུགས་ཏེ་འདི་ཚེས་ཉི་ཤུ་གསུམ་ཉིན་ཐའེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་ཤང་ནང་མཇུག་བསྒྲིལ་གནང་ཡོད་པ་རེད།
སྲས་འཇིགས་མེད་ནོར་བུ་ལགས་དང་ལྷན་དུ་བོད་རིགས་དང་རྒྱ་རིགས་རྒྱབ་སྐྱོར་བ་བཅུ་ཕྲག་འགའ་ཤས་ཤིག་ནས་མཉམ་ཞུགས་གནང་སྟེ། གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་སྐབས་ཐེ་ཝན་མང་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྣམ་པ་བསྟན་ཡོད་འདུག
ཁོང་གིས། ད་རེས་ཐའེ་ཝན་ནང་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ནི། བོད་དོན་དྲིལ་བསྒྲགས་སྤེལ་རྒྱུ་ཙམ་མ་ཡིན་པར་བོད་ཀྱི་གནད་དོན་འདི་བོད་མི་ཙམ་མ་ཡིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་རྒྱ་ནག་གཞུང་ནས་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། བོད་མི་ས་ཡ་གཉིས་ཙམ་དམར་བསད་བཏང་བ་དང་། ད་ལྟའང་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་དང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་རྣམས་མང་ཚོགས་ལ་ངོ་སྤྲོད་ཆེད་ཡིན་འདུག།