རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་གྲགས་ཅན་ཞིག་ལ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་ཡུ་གུར་མི་རིགས་ཀྱི་གསར་འགོད་པ་གྲགས་ཅན་ཞིག་ལ་གསང་སྟབས་ཀྱིས་མི་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་འདུག
- 2022-04-07
-
-
-
ཡུ་གུར་མི་རིགས་ཡིན་པའི་གསར་འགོད་པ་གྲགས་ཅན་(Qurban Mamut)་ཆབ་སྲིད་ཀྱི་ནག་ཉེས་བསགས་པ་ཟེར་བའི་ཉེས་མིང་འོག་ཤར་ཏུར་ཀིས་ཐན་ནང་ལོ་༡༥རིང་གི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་ཡོད་སྐོར་ཁོང་གི་བུ་དང་ཤར་ཏུར་ཀིས་ཐན་གྱི་ས་གནས་འབྲེལ་ཡོད་དཔོན་རིགས་ཚོས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་འདུག
ཤིན་ཅིང་གི་དཔལ་ཡོན་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་ཟུར་བ་(Qurban Mamut)་ལགས་དང་། ཁོང་གི་སྐུ་ཟླ་གཉིས་ཕྱི་ལོ་༢༠༡༧ལོར་འདི་ག་ཨ་མི་རི་ཀའི་(Virginia)་མངའ་སྡེའི་ནང་ཡོད་པའི་རང་གི་བུ་(Bahram Sintash)་ཐུག་འཕྲད་དུ་ཕེབས་རྗེས། རང་ཡུལ་དུ་ཕྱིར་ལོག་གནང་བ་དང་། དེ་ནས་ཟླ་བ་འགའ་ཤས་ཀྱི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་ཁག་གསང་བ་བྱས་ཡོད་སྐོར་ཁོང་གི་བུས་གསུངས་འདུག
ཁོང་བཙོན་འཇུག་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ཤར་ཏུར་ཀིས་ཐན་ནང་གི་ཡུ་གུར་མི་རིགས་དང་ཏུར་ཀིའི་མི་རིགས་གཞན་ཚོའི་ཐོག་དྲག་གནོན་བྱེད་པ་དང་དུས་མཉམ་འཁེལ་འདུག
དགུང་གྲངས་༧༡ལ་ཕེབས་པའི་(Mamut)་ལགས་ཀྱིས་ལོ་མང་རིང་གོང་ཞུས་དུས་དེབ་དེའི་རྩོམ་སྒྲིག་འགན་འཛིན་གྱི་ཕྱག་ལས་གནང་བའི་རྗེས་སུ། ཕྱི་ལོ་༢༠༡༡ལོར་རྒན་ཡོལ་དུ་ཕེབས་ཡོད་འདུག
ཁོང་གི་བུས་རང་གི་ཕ་ལགས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོབ་ཐབས་ཆེད། ཁོང་གི་གནད་དོན་སྐོར་འཛམ་གླིང་གི་གསར་འགོད་པ་འདྲ་མིན་དང་འབྲེལ་བ་གནང་བ་དང་། ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་སོགས་གནང་ན་ཡང་ད་དུང་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་བའི་སྐོར་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད། ཡིན་ན་ཡང་ཉེ་དུས་ཁོང་གི་ཕ་ལགས་སུ་ལོ་༡༥ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྩད་གཅོད་བྱས་པར་ཤར་ཏུར་ཀིས་ཐན་གྱི་རྒྱལ་སའི་རྒྱ་ནག་གི་ཉེན་རྟོག་པ་ཞིག་གིས་གནས་ཚུལ་དེ་བཤད་ཡོད་འདུག ཡིན་ན་ཡང་ཁོང་ས་གནས་གང་དང་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་མེད་པས་ན། བུ་(Sintash)་ཡིས་ཁོང་གི་ཕ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཐོག་སེམས་ཚབས་ཆེན་པོ་ཡོད་པ་དང་། གལ་ཏེ། ཁོང་རྒྱ་ནག་བཙོན་འཇུག་འོག་གསོན་པོར་གནས་ནས་ལོ་བཅོ་ལྔའི་རྗེས་བཙོན་གྲོལ་བྱུང་སྐབས་ཁོང་དགུང་གྲངས་བརྒྱད་ཅུ་གྱ་གྲངས་ནང་སླེབས་རྒྱུ་ཡིན་པས་སེམས་ཁྲལ་ཡོད་པ་གསུངས་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།