བོད་མི་རིགས་རྒྱ་བསྒྱུར་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིས་མཐོང་མཆན་བཀག་འགོག་བྱེད་རྒྱུ་རེད་འདུག

བོད་མི་རིགས་ཀྱི་ངོ་བོ་རྒྱ་ནག་ཅན་དུ་བསྒྱུར་བཞིན་པའི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཨ་མི་རི་ཀས་མཐོང་མཆན་བཀག་འགོག་སོགས་ཀྱི་དམ་དྲག་བྱེད་རྒྱུ་ཡིན་པ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken) U.S. Department of State

དེ་ཡང་སྤྱི་ཟླ་༨པའི་ཚེས་༢༢ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་མཆོག་གི་མཚན་ཐོག་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གིས་འབོད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཨ་རིའི་ནང་ཡུལ་སྤོ་འགྲོ་འོང་དང་འབྲེལ་བའི་ཁྲིམས་གཞི་སྡེ་ཚན་༢༡༢(a)(3)(C)་ཡི་དགོངས་དོན་བཞིན། རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ལྷན་དུ་འདུག་ཏུ་མ་བཅུག་པར་བཙན་དབང་གིས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་ནས་རྒྱ་བསྒྱུར་སློབ་གསོ་སྤྲོད་བཞིན་པའི་གནད་དོན་དེ་དག་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་རྣམས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་ནང་ཡོང་ཆོག་པའི་མཐོང་མཆན་(Visa)་བཀག་འགོག་བྱེད་རྒྱུ་སོགས་ཀྱི་ལས་དོན་ལག་བསྟར་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
གནས་ཚུལ་དེ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་འདྲི་རྩད་གནང་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཨ་རིའི་ཁྲིམས་ལུགས་ལྟར་མི་སྒེར་གྱི་གནས་ཚུལ་དེ་གསང་བ་ཡིན་པའི་ཆ་ནས་རྒྱ་ནག་གི་དཔོན་རིགས་མི་སུ་དང་སུ་ཡིན་གྱི་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱེད་མི་ཐུབ་ཀྱང་། རྒྱ་ནག་གི་སྲིད་བྱུས་དེ་དང་འབྲེལ་བ་ཡོད་པའི་ཁོངས་སུ་རྒྱ་ནག་གི་དམར་ཤོག་ཚོགས་པའི་དཔོན་རིགས་ཟུར་པ་དང་། དེ་བཞིན་ད་ལྟའི་ལས་ཐོག་དཔོན་རིགས་བཅས་ཀྱིས་མི་རིགས་དང་ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་བཅས་ལ་བཙན་དབང་དང་དྲག་གནོན་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་མཁན་དག་དེའི་ཁོངས་སུ་ཡོད་པ་ཡིག་ཐོག་ལན་འདེབས་གནང་བྱུང་།
ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་དེའི་ནང་། ང་ཚོས་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་རིགས་ཀྱི་བུ་ཕྲུག་རྣམས་བཙན་དབང་གིས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་པ་དང་། བཙན་དབང་གིས་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་ཇུས་བཅས་བོད་ནང་དང་གཞན་རྒྱ་ནག་གི་ས་ཁུལ་གཞན་བཅས་སུ་ཡང་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་མཉམ། བཙན་དབང་ཆེ་བའི་རྒྱ་ནག་གཞུང་གི་སྲིད་ཇུས་དེ་དག་གི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་གོམས་གཤིས་བཅས་པ་རྩ་མེད་བཏང་ནས་བོད་མི་མི་རབས་གཞོན་པ་རྣམས་རྒྱ་རིགས་དང་རྒྱ་ནག་གི་ངོ་བོ་ཅན་དུ་བསྒྱུར་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་གནང་འདུག
ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་དེའི་ནང་། ང་ཚོས་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ལྷན་དུ། མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་དེ་དག་གསལ་སྟོན་བྱས་ཏེ་ལས་དོན་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་དེའི་ཐོག་འགན་འཁྲི་འགན་འཁུར་ལེན་དགོས་པ་བྱེད་རྒྱུ་ཡིན་པ་ནན་བརྗོད་བྱས་འདུག
དེ་སྔ་སྤྱི་ལོ་༢༠༡༨ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་ཁྲིམས་འཆར་ཨང་(HR 1872)་སྟེ། ཨ་རིའི་ནང་རྒྱ་ནག་གི་མི་སེར་འགྲོ་བསྐྱོད་རང་དབང་སྤྲད་ཡོད་པ་དང་འདྲ་བར། བོད་ནང་ཨ་རིའི་མི་སེར་དང་གསར་འགོད་པ། གཞུང་གི་ལས་བྱེད་པ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་མི་སྣ་སོགས་འགྲོ་འོང་ཆོག་པའི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་འཆར་དེར་ལོ་དེའི་ཕྱི་ཟླ་༡༢ཚེས་༡༩ཉིན་སྐབས་དེའི་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Donald John Trump)་མཆོག་གིས་མཚན་རྟགས་བཀོད་གནང་གིས་ཨ་རིའི་གཞུང་གི་ཁྲིམས་ཡིག་ནང་བཅུག་མྱོང་ཡོད་པ་རེད།


གསར་འགོད་པ། ཚེ་དབང་ནོར་བུ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org