ཨ་རིའི་རྒྱ་ནག་དང་འགྲན་རྩོད་ཀྱི་ཁྲིམས་གཞིའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་འདུག

ཉེ་ལམ་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་དང་འགྲན་རྩོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་བའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་འདུག

ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། Lhuboom/RFA

ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མ་སྤྱི་ཟླ་༢་བའི་ཚེས་༤་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨ་མི་རི་ཀའི་འགྲན་རྩོད་ཁྲིམས་གཞི་ཞེས་རྒྱ་ནག་དང་འགྲན་རྩོད་ཀྱི་ཁྲིམས་གཞི་མང་མོས་གཏན་འབེབས་གནང་ཡོད་པ་དེའི་ནང་། རྒྱ་ནག་གི་དྲག་གནོན་སྡུག་རྩུབ་འོག་ཡོད་པའི་བོད་ལ་རྒྱབ་སྐྱོར་ཐད་ལས་གཞི་རྒྱ་བསྐྱེད་བཏང་ཡོད་པ་དང་། ཁྲིམས་གཞི་དེའི་ནང་ཨ་རིའི་གཞུང་གི་སྲིད་ཇུས་ལྟར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་དགག་བྱ་གནང་བ་ཙམ་མ་ཡིན་པར། ཕྱི་འབྲེལ་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ལས་ཁུངས་སུ་བོད་དང་འབྲེལ་བའི་སྡེ་ཚན་ཞིག་གསར་བཏོད་གནང་རྒྱུར་འགན་དབང་ཆེ་རུ་བཏང་ཡོད་འདུག དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་ལ་འབྲེལ་གཏུགས་འགན་འཁུར་བ་(Franz Matzner)་ ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཀྱི་གནད་དོན་དེ་བཞིན་ཨ་མི་རི་ཀས་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྟབས། ད་ལྟའི་ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་གཞི་གསར་ཤོས་དེས་རྒྱ་ནག་གཞུང་གི་དྲག་གནོན་འོག་སྡུག་རྩུབ་མྱོང་བཞིན་པའི་བོད་མི་ཚོར་རྒྱབ་སྐྱོར་གནང་རྒྱུུ་ཤུགས་ཆེ་རུ་སོང་ཡོད་པ་གསུངས་བྱུང་།
གཞན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། གཏན་འབེབས་བྱུང་བའི་ཁྲིམས་འཆར་དེ་བརྒྱུད་ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་གོ་གནས་ངེས་གཏན་བྱུང་བར་དགའ་བསུ་དང་། ད་རེས་གྲོས་ཚོགས་གོང་འོག་གཉིས་ཀྱིས་རིམ་པར་གཏན་འབེབས་གནང་བའི་ཁྲིམས་འཆར་གཉིས་མཚུངས་བསྡུར་གནང་རྗེས། མཐའ་མ་སྲིད་འཛིན་གྱིས་མཚན་རྟགས་བཀོད་མཚམས་ཁྲིམས་སུ་ངེས་ཀྱི་ཡོད་ལ། ཨ་རིའི་སྲིད་འཛིན་འཇོ་སྦཡེཌན་གྱིས་གྲོས་ཚོགས་དང་མཉམ་ཟུང་སྦྲེལ་གྱི་ཐོག་ནས་ཁྲིམས་འཆར་དེར་མཚན་རྟགས་བཀོད་རྒྱུར་རེ་བ་དང་ངང་སྒུག་གནང་རྒྱུ་ཡིན་པ་གསུངས་བྱུང་།
ཨ་མི་རི་ཀའི་འགྲན་རྩོད་ཁྲིམས་གཞི་ཞེས་པ་དེ་ནི། ཨ་རིའི་གྲོས་ཚོགས་གོང་མར་ན་ནིང་གི་ཟླ་དྲུག་པའི་ནང་གཏན་འབེབས་བྱུང་བའི་ཨ་མི་རི་ཀའི་གསར་བཏོད་དང་འགྲན་རྕོད་ཁྲིམས་གཞི་ཞེས་པ་དང་ཆ་འདྲ་བའི་ཁྲིམས་གཞི་དེའི་རྗེས་མཐུད་པ་ཞིག་ཡིན་ལ། ཁྲིམས་གཞི་དེ་གཉིས་ཀྱི་ནང་ཨ་མི་རི་ཀས་བོད་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་ཁོངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་གནས་བབ་ཇེ་མཐོར་བཏང་བ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་ལ་ཐེ་གཏོགས་བྱ་བར་དགག་བྱ་གནང་གི་ཡོད་པ། པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་སྲིད་དོན་ཚན་ཁག་ཏུ་བོད་ཀྱི་སྡེ་ཚན་ཅིག་འཛུགས་དགོས་པ་བཅས་དོན་གནད་འདི་གསུམ་གྱི་ཁར། གཞན་ད་དུང་པེ་ཅིན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་ཚོར་བོད་སྐད་སྦྱོང་བརྡར་སྤྲོད་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ལ་སོགས་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་སྙན་ཐོ་འདོན་དགོས་པ། རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་དང་འཕྲུལ་རིག་ཁག་ལ་མ་དངུལ་མཁོ་འདོན་གྱི་ལམ་ནས་རྒྱ་ནག་གི་དྲིལ་བསྒྲགས་རིགས་ལ་ཁ་གཏད་གདོང་ལེན་བྱ་དགོས་པ་སོགས་དོན་ཚན་མང་པོ་ཞིག་ཚུད་ཡོད་འདུག

གསར་འགོད་པ། བོད་རྒྱལ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org