ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཙོས་འཐུས་མི་གསུམ་ནས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ།

དེ་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་Nancy Pelosi མཆོག་གིས་རེས་གཟའ་ལྷག་པ་ཉིན་གསུང་འཕྲིན་ཞིག་གནང་བའི་ནང་བོད་ནང་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་རིག་གཞུང་དང་། རྒྱལ་རབས་ལོ་རྒྱུས་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་པ་དེར་འཛམ་གླིང་གི་ཞི་བདེར་དགའ་བའི་མི་མང་རྣམས་ཀྱིས་གདོང་ལེན་བྱེད་དགོས་པའི་གནས་སྟངས་གསལ་པོ་ཆགས་ཡོད་པའི་སྐོར་དང་། གནད་དོན་དེའི་ཆེད་སྔ་ལོ་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་དང་གྲོས་ཚོགས་གོང་འོག་གཉིས་ཀས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གཏན་འབེབས་གནང་བ་དེའི་ནང་ཨ་མི་རི་ཀའི་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་ཕྱི་འབྲེལ་གྱི་འབྲེལ་ལམ་དེ་ཟབ་ཏུ་བཏང་གནང་ཡོད་པ་སོགས་ཀྱི་སྐོར་ལྕམ་Nancy Pelosi མཆོག་གི་རྒྱབ་སྐྱོར་གྱི་གསུང་འཕྲིན་དེའི་ནང་བཀོད་གནང་ཡོད་པ་རེད། ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ཡིས་བརྙན་ཐུང་གི་གསུང་འཕྲིན་ཞིག་གནང་བའི་ནང་། བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པར་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཨ་མི་རི་ཀའི་སྲིད་འཛིན་ Biden མཆོག་གིས་ཨ་མི་རི་ཀའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ལག་བསྟར་ཚད་ལྡན་ཞིག་གནང་དགོས་པའི་འབོད་སྐུལ་གནང་འདུག ཡང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་Alexandria Ocasio Cortez གྱིས་ཀྱང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་བརྟེན་སྨྲ་བརྗོད་ཀྱི་རང་དབང་ལ་རྩ་ཆེར་འཛིན་མཁན་རྣམས་ཀྱིས་བོད་མིར་རྒྱབ་སྐྱོར་བྱེད་རྒྱུའི་ལས་འགན་ཡོད་པའི་སྐོར་གསུངས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་གནང་ཡོད་པ་རེད།