ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་སུ་ལ་ཐོབ་ཀྱང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེར་འགྱུར་བ་འགྲོ་རྒྱུ་མིན་པ་གསུངས་འདུག

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་གཟིགས་རྒྱུར་འདིར་མནན།Opens in new window ]

ཕྱི་ལོ་༢༠༢༤ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་Donald Trump ལ་ཨ་མི་རི་ཀའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད་ཉུང་མཐར་ཨ་མི་རི་ཀའི་རྒྱལ་ཡོངས་ Electoral College ཞེས་པའི་སྲིད་འཛིན་འོས་བསྡུའི་ཆེད་ཀྱི་འོས་འཕེན་པའི་ཚོགས་ཆུང་གི་འོས་གྲངས་ ༢༧༠ ཐོབ་དགོས་པ་ལས་འོས་གྲངས་༢༧༧ ཐོབ་ནས་ཨ་མི་རི་ཀའི་སྲིད་འཛིན་ཐེངས ༤༧ པར་བདམས་ཐོན་བྱུང་བ་དང་། ཁོང་གི་འགྲན་ཟླ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྩམ་ Kamala Harris ལ་འོས་གྲངས་ ༢༢༤ ལས་ཐོབ་མེད་པ་རེད། ཨ་རིའི་མངའ་སྡེ་ཁ་ཤས་ནང་མུ་མཐུད་དུ་འོས་ཤོག་གྲངས་བཤེར་གནང་བཞིན་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་སྐུ་ཞབས་ Donald Trump ནི་ཨ་མི་རི་ཀའི་སྲིད་འཛིན་ཐེངས་༤༧ དེ་ཆགས་རྒྱུ་ཡིན་པ་དང་ཁོང་ནི་ཨ་མི་རི་ཀའི་ལོ་རྒྱུས་ནང་ཕྱི་ལོ་ ༡༨༩༢ ལོར་སྲིད་འཛིན་དམ་པ་ Grover Cleveland གི་རྗེས་ནས་སྲིད་འཛིན་ཞིག་ལ་འོས་ཤོག་ཐེངས་གཅིག་ཤོར་བའི་རྗེས་སུ་ཡང་བསྐྱར་འོས་ཤོག་ཐོབ་མཁན་ཨང་གཉིས་པ་དེ་ཆགས་ཡོད་པ་རེད།

AP24311279632049.jpg
Republican Presidential nominee former President Donald Trump speaks at the Palm Beach County Convention Center during an election night watch party, Wednesday, Nov. 6, 2024, in West Palm Beach, Fla. (AP Photo/Lynne Sladky) (Lynne Sladky/AP)

དེ་བཞིན་སྐུ་ཞབས་ཌོ་ནོལ་ཊ་རམ་ནས་རེས་གཟའ་ལྷག་པའི་སྔ་ཤས་སུ་ཧྥུ་ལོ་རེ་ཌ་མངའ་སྡེའི་འདུ་འཛོམས་སྟེང་ཨ་རིའི་སྲིད་འཛིན་གྱི་འོས་འདེམས་ནང་རྒྱལ་ཁ་ཐོབ་པ་གསལ་བསྒྲགས་དང་ཁོང་གི་རྒྱབ་སྐྱོར་བ་ཚོར་བཀའ་དྲིན་ཞུ་བའི་གསུང་བཤད་གནང་དོན། འདི་ནི་སྔར་བྱུང་མྱོང་མེད་པའི་ལས་འགུལ་ཞིག་དང་ཁ་གསང་པོའི་ཐོག་ནས་བརྗོད་ན་ང་རང་ནས་འདི་ནི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་ཆབ་སྲིད་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུང་ནས། ཁོང་གིས་མཐའ་མཚམས་གནད་དོན་བསྐྱར་གསོ་སོགས་ཨ་རིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་རྒྱུ་དང་། ད་དུང་ཁོང་གིས་སྟོབས་ཆེན་དང་བདེ་འཇགས། དར་ཞིང་རྒྱས་པའི་ཨ་མེ་རི་ཀ་མངོན་འགྱུར་ཐད་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་ནན་གསུང་གནང་ཡོད།

2011-01-19T120000Z_1727501654_GM1E71K09H101_RTRMADP_3_USA-CHINA.JPG
Tibetan Americans raise Tibetan snow lion flags during a protest in Washington Tibetan Americans raise Tibetan snow lion flags during a protest against visiting Chinese President Hu Jintao and for Tibet's freedom from Chinese rule in front of the White House in Washington, January 19, 2011. The United States and China unveiled $45 billion in export deals Wednesday as Presidents Barack Obama and Hu Jintao sought to paper over deep rifts about trade, currencies and security. Amid the pomp of a state visit, Obama and Hu vowed to seek common ground as they launched talks aimed at easing the strains of the past year over North Korea, economic imbalances, human rights, Taiwan, Tibet and a host of other issues. REUTERS/Hyungwon Kang (UNITED STATES - Tags: POLITICS) (Hyungwon Kang/REUTERS)

ཌོལ་ནོལ་ཊ་རམ་ཡིས་་ཕྱི་ལོ་༢༠༡༦ནས་ཕྱི་ལོ་༢༠༢༠ལོའི་བར་ཨ་རིའི་སྲིད་འཛིན་གནང་བའི་སྐབས་སུ་ཁོང་གིས་རྒྱ་ནག་ལ་ཚོང་འབྲེལ་ཐོག་བཀག་སྡོམ་དང་སྒོ་ཁྲལ་སྤར་བ་སོགས་མཁྲེགས་འཛིན་གྱི་སྲིད་ཇུས་དུ་མ་ལག་བསྟར་གནང་ཡོད་ནའང་། བོད་དོན་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གླེང་སློང་གནང་བ་ཉུང་ཉུང་ཡིན་པས་ཐེངས་འདིར་ཁོང་ཡང་བསྐྱར་སྲིད་འཛིན་ལ་བསྡད་པའི་དུས་སུ་གོང་ཞུས་གནས་སྟངས་དེ་དག་ཐད་འགྱུར་བ་འགྲོ་མིན་སོགས་ཀྱི་སྐོར་ལ་དྲིས་པར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ནས། ཨ་རིའི་གཞུང་འཛིན་ལ་ཚོགས་པ་ཆེ་ཤོས་གཉིས་ཀྱི་ནང་ནས་སུ་སླེབས་ཀྱང་བོད་དོན་ཐད་ཨ་རིའི་སྤྱི་མཐུན་ཚོགས་པ་དང་། དམངས་གཙོ་ཚོགས་པ་ཐུན་མོང་གི་རྒྱབ་སྐྱོར་བརྟན་པོ་ཡོད་པ་གསུང་གི་འདུག གོང་ཞུས་བཞིན་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་ཨ་རིའི་མི་དམངས་ནས་རྒྱབ་སྐྱོར་གྱི་རྩ་བ་ཚུགས་པ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་པ་དབྱེར་མེད་ཀྱིས་ཐུན་མོང་གི་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཀྱང་། གྲོས་ཚོགས་འཐུས་མི་གསར་བར་འབྲེལ་མཐུད་དང་གཞུང་ཕྱོགས་ནས་མུ་མཐུད་དུ་རྒྱབ་སྐྱོར་ཐོབ་ཆེད། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་སོགས་ཀྱི་ཐད་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ནས་མུ་མཐུད་དུ་གསུང་བྱུང་། དེ་མིན་ཨེ་པི་གསར་འགྱུར་ནང་ཌོ་ནོལ་ཊ་རམ་མཆོག་ཨ་རིའི་སྲིད་འཛིན་ཐེངས་༤༧པ་ཆགས་པ་དེ་ནི། ལོ་བཞིའི་སྔོན་ལ་ཕམ་ཁ་ངེས་ལེན་མ་བྱས་བ་དང་། གྲོས་ཚོགས་ཚོགས་ཁང་མདུན་དུ་དྲག་པོའི་ཟིང་ཆ་བྱུང་བ། ཉེས་འཛུགས་སྣ་མང་བྱས་པ་དང་ཐེངས་གཉིས་ལ་ལྐོག་གསོད་བྱེད་གྲབས་ལས་ཐར་བའི་སྲིད་འཛིན་ཟུར་བ་འདི་ལ་མཚོན་ན། ཐེངས་འདི་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་ཕྱིར་ཕེབས་པ་ཞིག་རེད་ཟེར། ད་ལྟ་དགུང་ལོ་༧༨ལ་སླེབས་པའི་ཌོ་ནོལ་ཌི་ཊ་རམ་མཆོག་གིས་ཕྱི་ལོ་༢༠༢༥ ཟླ་ ༡ ཚེས་༢༠ ཉིན་སྲིད་འཛིན་ལས་འཁུར་དམ་བཅའི་མཛད་སྒོ་གནང་རྒྱུ་དང་། གཞུང་གསར་བ་འདི་ལའང་ཨ་རིའི་ནང་ཆབ་སྲིད་ཕྱོགས་ཁག་གཉིས་སུ་གྱེས་བའི་དཀའ་ངལ་དང་ཨ་རིས་འཛམ་གླིང་གི་དཀའ་རྙོག་ཁག་ལ་ཤུགས་རྐྱེན་སོགས་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ། ལྕགས་མོ་མཚོ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།