མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་འཛམ་གླིང་མི་དམངས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་གཟིགས་རྒྱུར་འདིར་མནན།
དེ་རིང་ཕྱི་ཟླ་༡༡ ཚེས་༥ ཉིན་མོ་དེ་བཞིན། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་Turmp དང་ལྕམ་ Harris རྣམ་གཉིས་ཀྱིས་ཟླ་ངོ་མང་བོའི་རིང་ལ་རང་རང་གི་ལས་འཆར་དང་དམིགས་ཡུལ། མ་འོངས་བའི་ལས་འགན་འཁུར་སྟངས་སོགས་ཀྱི་ཐད་ལ་གཏམ་བཤད་དང་བགྲོ་གླེང་འདྲ་མིན་གནང་བའི་རྗེས་སུ། ཨ་རིའི་མི་སེར་རེ་རེ་ནས་ཡུན་རིང་གི་འགྲན་རྩོད་ཀྱི་གནས་སྟངས་ལ་དཔྱད་བསྡུར་བརྒྱུད་ནས། རང་རང་གི་འདོད་མོས་ལྟར་འོས་ཤོག་འཕངས་ཏེ་ཐག་གཅོད་བྱེད་པའི་ཉིན་མཐའ་མ་དེ་ཡིན་ལ། མི་མང་གིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་ཡང་གྱུར་ཡོད་པ་རེད། ཡིན་ནའང་འཛམ་གླིང་ནང་གི་སྲིད་དབང་སྒེར་གཅོད་རྒྱལ་ཁབ་དག་ལ་མཚོན་ན། མི་མང་ལ་རང་གི་དབུ་ཁྲིད་བདམ་རྒྱུའི་ཐོབ་ཐང་མེད་སྟབས། དབུ་ཁྲིད་ཀྱི་འདེམ་སྐོར་མི་མང་གིས་དོ་སྣང་བྱ་རྒྱུའི་དབང་ཆ་མེད་པ་ལྟ་བུར་གྱུར་ཡོད་པ་རེད། གནས་ཚུལ་དེའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཇིའི་སྡེ་ཚན་གྱི་དཔྱད་བརྗོད་པ་ Paul Eckertལགས་ཀྱིས་དཔྱད་བརྗོད་ཅིག་སྤེལ་བའི་ནང་དུ། བདུན་ཕྲག་འདིར་ཨ་རིའི་སྲིད་འཛིན་འདེམས་བསྐོ་དེ་ཚ་ཚ་འུར་འུར་གྱིས་འོས་བསྡུ་བྱེད་བཞིན་པའི་སྐབས་འདིར། ཨེ་ཤེ་ཡའི་ས་ཁུལ་མང་པོ་ཞིག་ཏུ་གྲགས་མེད་ཚོར་མེད་ཀྱིས་རང་གི་དབུ་ཁྲིད་བདམས་ཡོད་ནའང་། རྒྱལ་ཁབ་མང་བོ་ཞིག་ལ་རང་ཉིད་ཀྱི་དབུ་ཁྲིད་བདམ་རྒྱུར་མི་མང་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་སྟེ། སྤྱི་ལོ་༢༠༡༣ ཟླ་ ༣ པའི་ནང་དུ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བས། ཞི་ཅིན་ཕིང་ལ་འོས་ཤོག་༢༩༥༣ གྱིས་རྒྱབ་སྐྱོར་དང་མི་གཅིག་གིས་ངོ་རྒོལ། མི་གསུམ་བར་གནས་སུ་བསྡད་ནས་སྲིད་འཛིན་དུ་བདམས་ཡོད་ལ། ལོ་སྔོན་མར་ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་པར་ཐད་ཀར་སྲིད་འཛིན་ལས་འཁུར་ཐེངས་གསུམ་པར་བདམས་ཤིང་། མི་ཚེ་གང་བོར་སྲིད་འཛིན་འཁུར་རྒྱུའི་རེ་བ་ལྟ་བུ་བྱེད་ཀྱི་ཡོད།
གཞན་བྱང་ཀོ་རི་ཡ་ལྟ་བུར་མཚོན་ན་མི་རབས་གསུམ་ལ་མགོ་ཁྲིད་འཁུར་ཡོད་ཅིང་། ཡང་གཅིག་བཤད་ན་མ་བདམས་རང་བདམས་སུ་གྱུར་པའི་མགོ་ཁྲིད་དུ་གྱུར་ཡོད། སྤྱི་ལོ་༢༠༡༤ལོར་ Kim Jong Un ལ་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་པར་འོས་ཤོག་བརྒྱ་ཆའི་བརྒྱ་ཐོབ་ནས་མགོ་ཁྲིད་མཐོ་ཤོས་ཀྱི་གོ་གནས་བཟུང་ཡོད།
དེ་བཞིན་དུ་ཝེ་ཐི་ནཱམ( VIETNAM)དང་ལའོ།( LAOS )ཁམ་བྷོ་དྷེ་ཡ(CAMBODIA)དང་འབར་མ་སོགས་ལའང་མང་གཙོ་ཟེར་བའི་མིང་བཏགས་པ་ཙམ་ལས་ཤོག་ཁག་གཅིག་གམ་དྲང་བདེན་མིན་པའི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱིས་དབང་སྒྱུར་བྱེད་ཀྱི་ཡོད་ལ། གཞན་རྒྱ་ནག་གིས་རང་སྐྱོང་ཡིན་ལུགས་བཤད་བཞིན་པའི་བོད་དང་ཧོང་ཀོང་། ཤར་ཏིར་ཀི་སི་ཐན་བཅས་ལ་མཚོན་ན། རྒྱ་ནག་རང་གི་སྲིད་དབང་སྒེར་གཅོད་ལམ་ལུགས་ལྟར་འགྲོ་དགོས་པ་ཞིག་ཏུ་གྱུར་ཡོད། ཡིན་ནའང་བོད་ལ་མཚོན་ན་སྤྱི་ལོ་༡༩༥༩ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་པ་དང་། རྒྱ་གར་དང་འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་དང་ཁོ་ཚོའི་རྗེས་རབས་པ་དག་གིས་མང་གཙོའི་ལམ་ནས་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་བཞིན་ཡོད་ལ། སྤྱི་ལོ་༢༠༢༡ལ་མཚོན་ན་རྒྱ་ནག་གི་དབང་སྒྱུར་འོག་ཏུ་མེད་པའི་བཙན་བྱོལ་ཀྱི་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ནས་རང་གི་དབུ་ཁྲིད་བདམས་ཡོད་ལ། དེ་ནི་སྤྱི་ལོ་༢༠༡༡ལོ་ནས་བཟུང་འོས་འདེམས་བྱ་ཐེངས་གསུམ་པ་དེ་ཆགས་ཡོད་ཅིང་། རྒྱ་གར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་བདམས་ཡོད་པ་རེད།
གཞན་འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། ཨ་རི་ནི་འཛམ་གླིང་གི་སྲིད་འབྱོར་དམག་གསུམ་གང་གི་ཐད་ནས་ཀྱང་སྟོབས་ཤུགས་ཆེ་ཤོས་ཡིན་པ་མ་ཟད། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་དབུ་འཁྲིད་མཁན་གྱི་རྒྱལ་ཁབ་ཅིག་ཀྱང་ཡིན་སྟབས། དེང་སྐབས་འཛམ་གླིང་དུ་རྒྱ་ནག་དང་ར་ཤི་ཡ། ཨི་རཱན་དང་བྱང་ཀོ་རེ་ཡ་གཙོས་མང་གཙོ་མེད་པའི་སྲིད་དབང་སྒེར་གཅོད་དང་བཙན་གནོན་གྱི་སྟོབས་ཤུགས་ཀྱིས་འཛམ་གླིང་ལ་དམག་འཁྲུག་དང་ཟིང་ཆ་སློང་བཞིན་པའི་དུས་གནད་འགག་ཅན་ཞིག་ཀྱང་ཡིན་པས་ན། འཛམ་གླིང་འདི་སྲིད་དབང་སྒེར་གཅོད་གྱིས་དབང་སྒྱུར་བྱ་རྒྱུ་ཡིན་མིན་དང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་སུ་སྐྱོད་མིན་དེ་ནི། ཨ་རི་ལ་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་ཅིག་བདམས་ཐུབ་མིན་ལ་རགས་ལས་ཡོད་སྟབས། ཨ་རི་ཙམ་མིན་པར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་འཛམ་གླིང་མི་དམངས་ཀྱིས་ཨ་རིའི་སྲིད་འཛིན་འདེམས་བསྐོ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།