ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་དང་བཀའ་མོལ་གནང་འདོད་ཡོད་ཀྱང་དགོངས་སེལ་ཞུ་འཆར་མེད་གསུང་འདུག
ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་ཨ་རིའི་མཁའ་དབྱིངས་སུ་རྒྱ་ནག་གཞུང་གིས་དབུགས་ལྒང་བཏང་བའི་དོན་རྐྱེན་ཐད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་དང་བཀའ་མོལ་གནང་འདོད་ཡོད་པ་གསུངས་འདུག
- 2023-02-17
-
-
-
དེ་ཡང་ཁ་སྔོན་ཕྱི་ཟླ་དང་པོའི་ནང་རྒྱ་ནག་གཞུང་གིས་དབུགས་ལྒང་ཞིག་ཨ་མི་རི་ཀའི་མཁའ་དབྱིངས་སུ་བཏང་བ་དེ། རྒྱ་ནག་གི་མྱུལ་ཞིབ་དབུགས་ལྒང་ཡིན་པ་ཨ་མི་རི་ཀས་ངོས་འཛིན་བྱས་བ་ལྟར། ཨ་མི་རི་ཀས་གཏོར་ཡོད་པ་དང་། ཕྱི་ཟླ་གཉིས་པའི་ཚེས་༡༦ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་(Joe Biden)་གྱིས། ལྒང་ཕུག་གི་དོན་རྐྱེན་དེའི་ཐད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་དང་བཀའ་མོལ་གནང་འདོད་ཡོད། ང་ཚོ་ཨ་མི་རི་ཀའི་ངོས་ནས་སླར་ཡང་གྲང་དམག་གི་དུས་སྐབས་གསར་པ་ཞིག་ཡོང་རྒྱུའི་འདོད་པ་མེད་ཅེས་གསུང་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་(Xi Jinping)་དང་དུས་ཚོད་ག་དུས་ཞིག་ལ་བཀའ་མོལ་གནང་རྒྱུའི་སྐོར་གང་ཡང་གསུངས་མེད།
ད་དུང་སྲིད་འཛིན་སྦཡེ་ཌེན་གྱིས། ཨ་མི་རི་ཀས་དོན་རྐྱེན་དེའི་ཐད་རྒྱ་ནག་དང་ཕྱི་འབྲེལ་གྱི་ཐོག་ནས་མུ་མཐུད་དུ་ཕྱག་ལས་གནང་བཞིན་ཡོད། ཡིན་ན་ཡང་ཨ་མི་རི་ཀས་རྒྱ་ནག་གི་ལྒང་ཕུག་གཏོར་བའི་ཐད་དགོངས་སེལ་ཞུ་རྒྱུའི་འཆར་གཞི་མེད་ཅེས། རྒྱ་ནག་གཞུང་གིས། ཨ་མི་རི་ཀར་རྒྱ་ནག་གི་ལྒང་ཕུག་གཏོར་བར་རྙོག་དྲ་བཤད་པ་དེར་ལན་འདེབས་གནང་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་(Pentagon)་གི་རྒྱ་ནག་གི་གནད་དོན་ཐད་ཀྱི་དཔོན་རིགས་མཐོ་ཤོས་སྐུ་ཞབས་(Michael Chase)་ལགས། ཚེས་༡༧ཉིན་ཐེ་ཝན་དུ་འཚམས་འདྲིར་ཕེབས་ཡོད་པའི་གནས་ཚུལ་ཐོན་བཞིན་པ་དང་། དེ་ནི་༢༠༡༩ལོ་ནས་བཟུང་ཐེ་ཝན་དུ་འཚམས་འདྲིར་ཕེབས་མཁན་ཨ་མི་རི་ཀའི་རྒྱལ་སྲུང་གི་དཔོན་གནས་མཐོ་ཤོས་ཆགས་ཡོད་པ་རེད།
གཞན་ཡང་སྲིད་འཛིན་(Biden)་གྱིས་ཨ་རིའི་(NBC)་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ངའི་བསམ་ཚོད་ལ་(Xi Jinping)་གི་འདོད་པ་ནི། རྒྱ་ནག་དང་ཨ་རི་བར་གྱི་འབྲེལ་ལམ་ལ་འགོག་རྐྱེན་འཕྲད་འཇུག་རྒྱུའི་འདོད་པ་ཡོད་ས་རེད་འདུག་ཅེས་གསུངས་འདུག
ཆེ་ཆུང་རྨི་ཊར་༦༠ཅན་གྱི་རྒྱ་ནག་གི་ལྒང་ཕུག་ཨ་མི་རི་ཀས་གཏོར་བ་དེ། རྒྱ་ནག་གི་ཕྱོགས་ནས་གནམ་གཤིས་གནས་སྟངས་རྒྱུས་ལོན་བྱ་རྒྱུའི་ཆེད་དུ་ཡིན་ལུགས་ཤོད་ཀྱི་ཡོད་ཀྱང་། ཨ་མི་རི་ཀས་དེ་ནི་མྱུལ་ཞིབ་བྱེད་མཁན་གྱི་ལྒང་ཕུག་ཡིན་པ་ཁ་གསལ་ནས་བཤད་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།