ཨ་རིའི་སྔོན་རྩིས་ནང་བོད་དོན་ཆེད་ཨ་སྒོར་ས་ཡ་ ༡༩ །
ཨ་རིའི་གྲོས་ཚོགས་ཀྱིས་སྤྱི་ལོ་༢༠༢༠སྔོན་རྩིས་ནང་བོད་དོན་རོགས་དངུལ་ཆེད་ཨ་སྒོར་ས་ཡ་བཅུ་དགུ་ཙམ་སྤྲོད་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད་འདུག
-
2020-01-18 -
-
-
Your browser doesn’t support HTML5 audio
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༡༧ཉིན་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་གྲོས་ཚོགས་ཀྱིས་གཡོ་བ་མེད་པའི་བོད་དོན་རྒྱབ་སྐྱོར་ལ་བརྟེན་ནས་ཨ་རིའི་༢༠༢༠ལོའི་སྔོན་རྩིས་ཀྱི་ཁྲིམས་འཆར་HR 1865ནང་ཨ་སྒོར་ས་ཡ་༡༩ཙམ་བོད་དོན་ལས་འཆར་གྱི་ཆེད་དུ་གཏང་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད།
གོང་ཞུས་ཁྲིམས་འཆར་དེ་བཞིན་༢༠༡༩ལོའི་ལོ་མཇུག་ཙམ་དུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་གནང་ཚར་བའི་རྗེས་སྔ་ལོ་སྤྱི་ཟླ་༡༢ཚེས་༢༠ཉིན་ཨ་རིའི་སྲིད་འཛིན་Donald Trump མཆོག་གི་མཚན་རྟགས་བཀོད་ཡོད་པ་ཞིག་རེད་འདུག
རྒྱལ་སྤྱིའོ་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་Matteo Mecacci ལགས་ཀྱིས་གནད་དོན་དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་སླར་ཡང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ཞིག་རེད་ཅེས་དང་། བོད་དོན་ཆེད་ས་ཡ་༡༩དེ་ཨ་རིའི་རྒྱལ་སྤྱིའི་རོགས་དངུལ་གྱི་སྔོན་རྩིས་ནང་ཆ་ཤས་ཆུང་ཆུང་ཙམ་ལས་མིན་ན་ཡང་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཀྱི་ཆེད་ཨ་རིའི་མ་རྩ་གཏང་བ་དེས་དོན་ཕན་ལྡན་པའི་ཕན་རླབས་ཡོང་རྒྱུ་ཡིན་པ་བརྗོད་འདུག
གྲོས་ཚོགས་ཀྱི་གཏན་འབེབས་གནང་བའི་དངུལ་རྩིས་ནང་ལོ་སྔོན་མ་བཞིན་བོད་དོན་ལས་འཆར་ཁག་གི་འགྲོ་བགྲོན་རང་སོར་བཞག་དགོས་པ་དང་དེ་དག་ནི་བོད་ནང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བརྒྱུད་ཁོར་ཡུག་དང་ཤེས་ཡོན་ཆེད་རོགས་དངུལ་ས་ཡ་བརྒྱད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཤེས་ཡོན་དང་རིག་གཞུང་གཞིས་ཆགས་སྲ་བརྟན་དང་འབྲེལ་ཨ་སྒོར་ས་ཡ་དྲུག བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་མཐོར་གཏོང་ཆེད་ཨ་རིའི་རྒྱལ་སྤྱིའི་ཡར་ཐོན་ལས་གཞི་བརྒྱུད་ཨ་སྒོར་ས་ཡ་གསུམ། ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ཕྱག་ལས་ཆེད་ཨ་སྒོར་ས་ཡ་གཅིག དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་རང་སོར་འཇོག་དགོས་པ་སོགས་ལོ་སྔོན་མའི་ལྟར་རོགས་དངུལ་ཆ་ཚང་འགྱུར་བ་མེད་པ་གཏང་གནང་རྒྱུ་ཡིན་པ་རེད་འདུག།