ཡུ་གུར་བ་འཛིན་བཟུང་བྱས་པ་ཚོའི་བདེ་འཇཌ་ལ་བློ་འཚབ།

ཉེ་ཆར་ཡུ་གུར་བ་ཁག་ཅིག་འཛིན་བཟུང་བྱས་པ་རྣམས་ཀྱི་བདེ་འཇགས་ལ་བློ་འཚབ་ཆེན་པོ་ཡོད་པའི་སྐོར་ལྕམ་རེ་བི་ཡ་ཀ་རྡིར་གྱིས་གསུངས་བ།

༄༅༎བཙན་བྱོལ་དུ་ཡོད་པའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་རེ་བི་ཡ་ཀ་རྡིར་གྱིས་ཉེ་ཆར་ཤིང་ཅང་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་མིའི་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་བའི་སྐབས་ཡུ་གུར་བ་ཁག་ཅིག་འཛིན་བཟུང་བྱས་པ་རྣམས་ཀྱི་བདེ་འཇགས་ལ་བློ་འཚབ་ཆེན་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད།

དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ནང་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་ཚོགས་གཙོ་ལྕམ་རེ་བི་ཡ་ཀ་རྡིར་གྱིས་ཕེ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲིར་དང་ལེན་གནང་སྐབས། ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་༡༨ ཉིན་ཤིང་ཅང་གི་གྲོང་ཁྱེར་ཧོ་ཏན་ནང་ཡུ་གུར་མི་རིགས་དང་རྒྱ་མིའི་ཉེན་རྟོག་པའི་དབར་གདོང་ཐུག་བྱུང་བའི་སྐབས་རྨས་སྐྱོན་ཕོག་པའི་ཡུ་གུར་མི་གྲངས་བདུན་བཅུ་ཙམ་འཛིན་བཟུང་བྱས་པ་རྣམས་མི་དམངས་སྨན་ཁང་ནས་དམག་མིའི་བཙོན་ཁང་གི་སྨན་ཁང་དུ་ཁྲིད་ཡོད་པ་དང༌། གནས་སྟངས་དེ་ཡིས་ཡུ་གུར་གྲངས་ཉུང་མི་རིགས་གང་ཞིག་རྨས་སྐྱོན་ཕོག་པའི་སྐབས་དམག་མིའི་བཙོན་ཁང་གི་སྨན་ཁང་དུ་ཁྲིད་འགྲོ་གི་ཡོད་པ་གསལ་པོ་མཚོན་ཐུབ་པ་ཞིག་ཡིན་པ་མ་ཟད། དམག་མིའི་བཙོན་ཁང་གི་སྨན་ཁང་དུ་ཁྲིད་པའི་རྗེས་བཙོན་པའི་སྙིང་དང་མཁལ་མ་ལ་སོགས་པའི་དོན་སྣོད་བེད་སྤྱོད་གཏོང་ཆེད་བཙོན་པ་བསད་དེ་སོན་པོར་གློད་འགྲོལ་ཐོབ་ཀྱི་མེད་པའི་གནས་ཚུལ་གསུང་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཐོག ཕྱོགས་གཉིས་པོའི་དབར་དྲག་པོའི་གདོང་ཐུག་བྱུང་བའི་ནང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་ལུགས་དང༌། བྱ་སྤྱོད་དེ་ནི་འཇིགས་སྐུལ་པའི་རྒོལ་རྡུང་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་རེ་བི་ཡ་ཀ་རྡེར་གྱིས། རྒྱ་ནག་ཕྱོགས་ནས་མི་ཤི་བའི་བསྡོམས་རྩིས་བཏོན་པ་དེ་ལས་གྲངས་ཀ་མང་བ་ཡོད་པའི་ངོས་འཛིན་བྱེད་པ་དང༌། གཟའ་འཁོར་སྔོན་དེར་ཁོང་གི་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་མགྲིན་ཚབ་པ་ཞིག་གིས། ཕེ་རན་སི་གསར་འགྱུར་ལས་ཁང་ལ། ཕྱི་ཟླ་བདུན་པའི་ཚེས་༡༨ ཉིན་གྲོང་ཁྱེར་ཧོ་ཏན་ནང་དུ་ཡོད་པའི་རྒྱ་མིའི་ཉེན་རྟོག་ལས་ཁང་དུ་ཡུ་གུར་བ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རང་ཉིད་ཀྱི་ནང་མི་སྤུན་མཆེད་རྣམས་ག་པར་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོག་ཡོང་ཐབས་སུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱེད་ཐབས་བྱེད་པའི་སྐབས་། རྒྱ་མིའི་ཉེན་རྟོག་པས་ཡུ་གུར་ངོ་རྒོལ་བྱེད་མི་༢༠ བསད་པའི་གྲངས་ཀ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org