༧གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་ཐད་ཚང་མར་འགན་ཡོད།
2012.05.17
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་ཆར་འགན་ཁུར་ཞུ་རྒྱུ་དེ་ནི་ང་ཚོ་ཚང་མར་འགན་ཡོད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུང་འདུག
ཕྱི་ཟླ་ལྔ་པའི་ཚེས་༡༤ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ ལྕམ་བེག་ཀྲོ་རི་ཡ་ ནུ་ལན་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་གསར་འགོད་པ་ཞིག་གིས་ཉེ་ལམ་༧གོང་ས་མཆོག་གིས་དབྱིན་ཇིའི་གསར་ཤོག་སཱན་ཌེ་ཀྲེ་ལི་གེརེཕ་ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན་གནང་བའི་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ལ་གནོད་པའི་ངན་བྱུས་ཤོམ་བཞིན་ཡོད་སྐོར་གསལ་བཤད་མཛད་པའི་སྐོར་དང་སྦྲགས་ དྲི་བ་ཞིག་བཏང་བར་ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མས་ལན་འདེབས་གནང་དོན་ དེའི་སྐོར་གནས་ཚུལ་བྱེ་བྲག་པ་ཞིག་ཕྲན་ལ་འབྱོར་མེད་ འོན་ཀྱང་བོད་ཀྱི་༧སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་གི་ཐོག་ཨ་རི་གཞུང་གིས་ལངས་ཕྱོགས་ཇི་འདྲ་འཛིན་བཞིན་ཡོད་པ་ཁྱེད་རྣམ་པས་ཤེས་གསལ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ བོད་ཀྱི་༧སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་ནི་འཛམ་གླིང་དུ་རྩོད་མེད་ཡོངས་གྲགས་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གུས་བཀུར་ཞུ་ས་ཞིག་ཆགས་ཡོད་ དེར་བརྟེན་༧གོང་ས་ཏྭ་ལའི་བླ་མ་མཆོག་གི་སྐུ་ཕྱ་དང་ཁོང་གི་བཞེངས་ཕྱོགས་དེར་སྲུང་སྐྱོབ་དང་རྒྱབ་སྐྱོར་ཞུ་རྒྱུ་ནི་ང་ཚོ་ཚང་མར་འགན་འཁྲི་ཡོད་ཅེས་ལན་འདེབས་གནང་ཡོད་འདུག