གུའུ་གལ་དྲ་གནས་རྒྱ་ནག་ནས་འཐེན་པར་གུས་བཀུར།
2010.03.24
༄༅༎རེས་གཟའ་ཟླ་བའི་ཉིན་དྲ་རྒྱའི་ཚོང་ལས་ཁང་ཆེ་ཤོས་ཀྱི་གྲས་གུའུ་གལ་Googleཡིས་རྒྱ་ནག་ནང་སྤེལ་བཞིན་པའི་དྲ་རྒྱའི་ཚོང་དོན་ཐོག་རྒྱ་ནག་གཞུང་གིས་བརྟག་དཔྱད་བྱ་རྒྱུར་འདོད་མོས་མ་བྱུང་བར་རྒྱ་ནག་ནང་གནས་ཚུལ་འཚོལ་ཞིབ་བྱེད་ཡས་ཀྱི་དྲ་རྒྱ་Google.cn ཞེས་པ་དེ་ཧོང་ཀོང་ནང་གནས་སྤོས་བྱས་པའི་རྗེས་གཟའ་མིག་དམར་ཉིན་ཨ་རི་གཞུང་གིས་Googleཡིས་རྒྱ་ནག་ནང་ལས་གཉེར་བྱེད་བཞིན་པའི་དྲ་རྒྱའི་ཚོང་ལས་ཧོང་ཀོང་ནང་གནས་སྤོས་བྱེད་ཡས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དྲ་རྒྱའི་ཚོང་དོན་ལས་རིགས་སོགས་ཀྱི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཀྱི་སྲིད་བྱུས་ཐོག་བསམ་ཞིབ་ནན་པོ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད་
ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཕི་ལིབ་ཁ་རའོ་ལི་ཡིས་གསུང་ན་ཨ་རི་གཞུང་གིས་Googleདྲ་རྒྱའི་ཚོང་དོན་ཁང་གིས་རྒྱ་ནག་ནང་སྤེལ་བཞིན་པའི་དྲ་རྒྱའི་ཐོག་ནས་གནས་ཚུལ་འཚོལ་ཞིབ་ཀྱི་ཚོང་ལས་རྒྱ་ནག་ནས་ཕྱིར་འཐེན་བྱས་པའི་ཐག་གཅོད་ལ་དགའ་བསུ་ཞུ་ཡི་མེད་ན་ཡང་Googleཚོང་ལས་ཁང་གི་ཐག་གཅོད་ལ་གུས་བཀུར་ཞུ་ཡི་ཡོད་ལ་ཨ་རི་གཞུང་གིས་རྒྱ་ནག་དང་མཉམ་དུ་ཚོང་དོན་འབྲེལ་ལམ་བྱ་རྒྱུ་དེ་ནི་རིན་ཐང་ཡང་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་ ཡིན་ན་ཡང་འཛམ་གླིང་ནང་ནས་དྲ་རྒྱའི་ཚོང་ལས་ཁང་ཆེ་ཤོས་གྲས་ཤིག་གིས་རྒྱ་ནག་ནང་ཚོང་དོན་གཉེར་རྒྱུར་དཀའ་ངལ་ཆེན་པོ་ཡོད་པར་བརྟེན་ནས་དྲ་རྒྱའི་ཚོང་ལས་ཕྱིར་ཐེན་གྱི་ཐག་གཅོད་བྱེད་དགོས་བྱུང་བ་དེའི་ཐོག་ནས་ རྒྱ་ནག་གཞུང་གིས་སྲིད་བྱུས་ཁག་གི་ཐོག་བསྐྱར་ཞིབ་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ལུགས་གསུང་ཡོད་པ་རེད་ རྒྱ་ནག་གཞུང་གིས་གཟའ་མིག་དམར་ཉིན་Googleདྲ་རྒྱའི་གནས་ཚུལ་འཚོལ་ཞིབ་ཚོང་གཉེར་རྒྱ་ནག་ནས་ཕྱིར་འཐེན་བྱས་པའི་ཐག་གཅོད་དེས་རྐྱེན་པས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལ་གནོད་ཚབས་གང་ཡང་མེད་ལུགས་དང་དེ་ནི་ཚོང་དོན་ཁེ་ལས་པའི་ཚོང་ལས་མཁོ་ནའི་དམིགས་ཡུལ་བཞིན་ཐག་གཅོད་བྱས་པ་ཞིག་ཡིན་པ་བརྗོད་ཡོད་ཅིང་འོན་ཀྱང་Googleདྲ་རྒྱའི་མགྲིན་ཚབ་པས་Googleདྲ་རྒྱས་རྒྱ་ནག་ནས་དྲ་རྒྱའི་ཚོང་ལས་ཕྱིར་འཐེན་བྱེད་དགོས་ཡས་དེ་ནི་ཚོང་དོན་ཆེད་ཐག་གཅོད་བྱས་པ་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ ཕྱིར་འཐེན་བྱས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད་