ཨ་བྱང་གཉིས་ཀྱི་དབུ་ཁྲིད་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་གནང་གཏན་འཁེལ་བ།
2018.06.06
ཨ་རིའི་སྲིད་འཛིན་(Trump)་དང་བྱང་ཀོ་རི་ཡའི་དབུ་ཁྲིད་ཀེམ་རྣམ་གཉིས་ལོ་རྒྱུས་རང་བཞིན་ལྡན་པའི་གཞུང་འབྲེལ་མཇལ་འཕྲད་ཐེངས་དང་པོ་གནང་རྒྱུ་གསལ་བསྒྲགས་བྱས་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཊམཔ་(Donald Trump)དང་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨུན་་(Kim Jong Un)་རྣམ་གཉིས་སིངྒ་པུར་(Singapore)ནང་ལོ་རྒྱུའི་རང་བཞིན་ལྡན་པའི་གཞུང་འབྲེལ་མཇལ་འཕྲད་ཐེངས་དང་པོ་གནང་རྒྱུ་ཡིན་པ་ཨ་རིའི་ཕོ་བྲང་དཀར་པོས་ཕྱི་བསྒྲགས་སྤེལ་ཞིང་། དེའི་ནང་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་སིངྒ་པུར་གྱི་སེན་ཏོ་སོ་(Sentoso)གླིང་ཕྲན་གྱི་ ཀ་པེལ་ལ(Capella)ཞེས་པའི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་དེའི་ནང་ཕྱི་ཟླ་དྲུག་པའི་ཕྱི་ཚེས་༡༢ གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་༩ པའི་ཐོག་གནང་གཏན་འཁེལ་བ་བཀོད་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གྱིས་རྒྱུན་ལྡན་གནང་སྲོལ་ལྟར་ཊུ་ཀྲར་འབྲེལ་འཐུད་དྲ་ལམ་ཐོག་ད་རེས་གནད་དོན་གལ་ཆེན་པོ་ཞིག་འགོ་འཛུགས་བྱེད་པའི་རེ་བ་ཡོད་ཅེས་བྲིས་ཡོད་པ་རེད།
དེ་སྔོན་ནས་ཡུལ་གཉིས་ཀྱི་དཔོན་རིགས་བར་སྐྱོན་བརྗོད་དང་ཚོར་བ་རྣོ་བའི་ཚིག་རྩུབ་འདེབ་རེས་ཤུགས་ཆེ་བྱས་ཤིང་། ཧ་ལམ་ཡུལ་གྲུ་གཉིས་དབར་དམག་འཁྲུག་གི་ཉེན་ཁ་འབྱུང་བའི་གནས་སུ་གྱར་ཡང་། གཙོ་བོ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་བར་ཞུགས་ཀྱི་ངོ་བོའི་ཐོག་ནས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་བར་གྱི་འབྲེལ་ལམ་བཟང་དུ་སོང་ཡོད་ལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་སོགས་པ་གནད་ཡོད་དཔོན་རིགས་ཁག་གཅིག་བྱང་ཀོ་རི་ཡར་ཆེད་ཕེབས་གནང་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ཀིམ་ཡོང་ཆོཡི་ཨ་རིའི་སྲིད་འཛིན་མཇལ་བར་ཝ་ཤིང་ཊོན་དུ་ཡང་སླེབས་ཏེ་དུས་ཡུན་ཚོུད་གཉིས་ཙམ་རིང་ཨ་རིའི་སྲིད་འཛིན་དང་གྲོས་མོལ་གནང་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་མང་པོས་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་དབར་གྱི་ཆེས་མཐོའི་མཇལ་མོལ་དེ་ནི་གཙོ་བོ་མཚོན་དོན་གྱི་རང་བཞིན་ཞིག་ཡིན་པ་དང་། གནད་དོན་ངོ་མ་ནི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་དང་རྡུལ་ཕྲན་གྱི་ལས་གཞི་ཁག་མཚམས་འཇོགས་ཀྱི་ཀོ་རི་ཡའི་ཕྱེད་གླིང་དེ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པའི་ཡུལ་གྲུ་ཞིག་ཏུ་འགྱུར་ཐབས་བྱ་རྒྱུ་དེ་ཡིན་པ་དང་། འོན་ཀྱང་དོན་གནད་འདི་གྲུབ་པར་དབུ་ཁྲིད་རྣམ་གཉིས་ངོ་འཕྲད་བྱུང་བ་ཙམ་གྱི་འགྲུབ་ཐུབ་རྒྱུ་ཞིག་མིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན་དང་སྐལྡན་བློ་གྲོས།