འདི་ག་རླུང་འཕྲིན་ཁང་ལ་ཧྥ་རན་སིར་གནས་བཞུགས་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕ་ཡུལ་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་ལོ་ན་༢༠་ལ་སོན་པའི་དགེ་འདུན་པ་འཕྲིན་ལས་ཟེར་བ། འདི་ལོའི་ཟླ་༧་ཚེས་༡་ཉིན་འཛིན་བཟུང་གིས་ཡུན་རིང་བཀག་ཉར་དང་འདྲི་གཅོད་སོགས་བྱས་རྗེས་ད་ཆ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འཁྲིས་མེན་ཡང་ཟེར་བའི་ས་ཁུལ་གྱི་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག
གྲྭ་གཞོན་ཁོང་འཛིན་བཟུང་བྱས་ནས་ཟླ་ཤས་རྗེས། ཟླ་བ་༩་བའི་ནང་མ་གཏོགས་ཁོང་གི་ནང་མིས་ཁོང་གར་ཡོད་སོགས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། མཐར་བཙོན་ཁང་ནས་ཡི་གེ་འབྱོར་བ་བརྒྱུད་གནས་སྟངས་སོགས་གསལ་བོ་ཧ་གོ་སྐབས་ཁོང་ལ་ལོ་༥་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། ཁྲིམས་ཐག་དེ་ལྟར་བཅད་དགོས་དོན་ནི། གྲྭ་གཞོན་ཁོང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་རྩོམ་ཕྱག་དེབ་སོགས་འགྲེམ་སྤེལ་བྱས་པའི་ཉེས་འཛུགས་བྱས་ཡོད་འདུག
གནས་ཚུལ་ངོ་སྤྲོད་པ་གཞན་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་གསུང་ན། གནས་ཚུལ་དེ་བདེན་པ་ཡིན་པ་དང་། རྔ་བ་ཕྱོགས་ནས་སེར་སྐྱ་བོད་མི་མི་ཉུང་བ་འཛིན་བཟུང་བྱས་དང་བྱེད་བཞིན་པའི་ནང་ནས་གནས་ཚུལ་་གསར་ཤོས་ཤིག་རེད། འཕྲིན་ལས་ལགས་དེ་སྔ་ཡང་རྒྱ་ནག་གཞུང་གིས་གསང་བའི་ངང་འཛིན་བཟུང་བྱས་མྱོང་ཡོད་འདུག
ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཉེ་ལམ་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་ནས་ལོ་༡༠་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཐད་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་སོགས་སུ་བློ་ཕམ་དང་བཅས་སེམས་ཚོར་འབྲི་མཁན་མང་པོ་ཡོང་བཞིན་འདུག
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།