རྒྱ་ནག་གཞུང་གིས་ཡུ་གུར་མི་ཉིས་བརྒྱ་ལ་ཁྲིམས་བཅད།
ཤར་ཏུར་ཀི་སི་ཐན་ནང་ངོ་རྒོལ་གྱི་ལས་འགུལ་སྐབས་འཛིན་བཟུང་བྱས་པའི་མི་ཉིས་བརྒྱ་ལྷག་ཙམ་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུ།
-
2009-08-24 -
-
-
༄༅༎ཤར་ཏུར་ཀི་སི་ཐན་ནང་ཉེ་དུས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྐབས་འཛིན་བཟུང་བྱས་པའི་མི་ཉིས་བརྒྱ་ལྷག་ཙམ་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
སྦི་སྦི་སི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཟླ་བ་སྔོན་མ་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་འཛིན་བཟུང་བཀག་ཉར་བྱས་པའི་ཡུལ་མི་༡༥༠༠ལྷག་ཙམ་ཡོད་པ་ནས་ཉིས་བརྒྱ་ལྷག་ཙམ་ལ་ད་ཆ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུའི་ལས་དོན་ཉིན་ཤས་ནང་ཚུད་འགོ་འཛུགས་བྱེད་རྩིས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག མི་སྣ་དེ་དག་ལ་ངོ་རྒོལ་གྱི་ལས་འགུལ་སྐབས་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་འདུག མི་སྣ་དེ་དག་མང་ཆེ་བ་རྒྱལ་ས་ཨུ་རུམ་ཅི་དང་གྲོང་ཁྱེར་ཀ་ཤི་གར་ནས་འཛིན་བཟུང་བྱས་ཡོད་པ་དང་མང་ཆེ་བ་ཡུ་གུར་དང་ཉུང་ཤས་རྒྱ་ཧན་མི་རིགས་ཡིན་པ་ཙམ་ལས་ཞིབ་ཁྲའི་གནས་ཚུལ་མིན་འདུག རྒྱ་ནག་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན་གཞུང་གིས་བཙོན་པ་དེ་དག་གི་ཆེད་དུ་ཡུ་གུར་མི་རིགས་ཀྱི་ཁྲིམས་རྩོད་པ་བརྒྱ་དང་ཉི་ཤུ་དང་རྒྱ་ཧན་མི་རིགས་ཀྱི་ཁྲིམས་རྩོད་པ་ཉི་ཤུ་གྲ་སྒྲིག་བྱས་ཡོད་འདུག
ཁྲིམས་ཐོག་བསྐྱལ་བའི་མི་སྣ་དེ་དག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཁུངས་སྐྱེལ་དཔང་རྟགས་ཡིག་ཆ་འདྲ་མིན་གསུམ་སྟོང་གསུམ་བརྒྱ་ཙམ་དང་བརྙན་འཕྲིན་དགུ་ཅུ་གོ་གཅིག་དང་འདྲ་དཔར་ཉིས་སྟོང་བརྒྱ་དང་དྲུག་ཅུ་རེ་དགུ་བཅས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་དོན་རྐྱེན་ནང་རྒྱ་ནག་གཞུང་གིས་ཡུལ་མི་བརྒྱ་དང་དགུ་ཅུ་གོ་བདུན་རྐྱེན་ལམ་དུ་ཕྱིན་པ་དང་དེ་མིན་ཆིག་སྟོང་བདུན་བརྒྱ་འཛིན་བཟུང་བཀག་ཉར་བྱས་པ་ཁས་ལེན་བྱས་ཡོད་རེད། འོན་ཀྱང་ཡུ་གུར་མི་རིགས་ཚོས་རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་དེ་ལས་ཧ་ཅང་མང་བ་དང་འཛིན་བཟུང་བཀག་ཉར་བྱས་པའི་གྲངས་འབོར་ཡང་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་བཞིན་པ་རེད༎