གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་དོན་ཚན་བརྒྱད་སྤྱི་མོས་གཏན་འབེབས་གནང་།
བོད་རྒྱ་འབྲེལ་མོལ་ལམ་ལྷོང་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་མ་ཟད་རྒྱ་ནག་གི་བྱ་སྤྱོད་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་འདུག
སྤྱི་ཟླ་༣པའི་སྤྱི་ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་༤ པར། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་བཟོ་བཅོས་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་གནང་བའི་སྐབས། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་བརྒྱད་སྤྱི་མོས་ཀྱི་ཐོག་ནས་གཏན་འབབས་གནང་སོང་ལ། དེའི་ནང་གསེས་གྲོས་ཆོད་དོན་ཚན་གསུམ་པ་སྟེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བར་མ་ཆད་པ་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་དང་བོད་ནང་དམ་དྲག་ཆེ་རུ་བཏང་ནས། བོད་རྒྱ་འབྲེལ་མོལ་ལམ་ལྷོང་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་མ་ཟད། བྱ་སྤྱོད་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུར་ང་ཚོའི་འཐབ་རྩོད་ཀྱི་སྟོབས་ཤུགས་སྔར་ལས་ཆེ་བ་ཡོང་ཐབས་སུ་གཞུང་མང་གཉིས་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ་ཞེས་འཁོད་འདུག་ཅིང་། གཞི་རྩའི་ཆ་ནས་ད་རེས་གྲོས་ཚོགས་འདིའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་༦བཏོན་ཡོད་པ་དེའི་ཐོག་སྤྱི་འཐུས་རྣམས་ནས་བགྲོ་གླེང་གིས་བཟོ་བཅོས་གྲོས་ཆོད་དོན་ཚན་གཉིས་ཁ་སྣོན་གནང་སྟེ། གྲོས་ཆོད་དོན་ཚན་བརྒྱད་སྤྱི་མོས་ཀྱི་ཐོག་ནས་གཏན་འབབས་གནང་སོང་།
གོང་ཞུས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་བཟོ་བཅོས་གྲོས་འཆར་ཐོག་མུ་མཐུད་དུ་བགྲོ་གླེང་གནང་བའི་སྐབས། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་སེ་འབྲས་དགའ་གསུམ་ལྟ་བུར་མཚོན་ན། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་བྱ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ལ་སོགས་པའི་ལྟ་གྲུབ་གསུམ་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་སྐབས་དེར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ད་རེས་གྲོས་ཚོགས་འདིའི་ཐོག་སྤྱི་འཐུས་ཚང་མས་བགྲོ་གླེང་ལྷུག་པོ་གནང་སྟེ། བོད་ཀྱི་འཐབ་རྩོད་གོང་མཐོར་གཏོང་རྒྱུ་དང་། རྒྱ་ནག་གཞུང་ལ་ཡང་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། གལ་ཏེ། དུས་ཡུན་ཐུང་ངུ་ཞིག་གི་ནང་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་མ་བྱས་ན། ཐབས་ལམ་གཞན་ཞིག་ལ་འབད་དགོས་པའི་དགོངས་འཆར་བཏོན་གནང་སོང་།
གཞན་ཡང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་གྲོས་ཆོད་ཀྱི་ནང་གསེས་དོན་ཚན་བདུན་པ་སྟེ། སྤྱི་ལོ་༢༠༢༢ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་རྒྱལ་འཛོམས་དེ་བཞིན་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༢པའི་ཚེས་༤ནས་༢༠་བར་རྒྱ་ནག་པེ་ཅིང་དུ་ཚོགས་གཏན་འཁེལ་བ་དེ་དང་། ཡང་རྒྱ་ནག་དམར་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་༧༠འཁོར་ཡོད་ཟེར་བའི་དུས་དྲན་ཞིག་སྤྱི་ལོ་༢༠༢༡ ལོའི་ཟླ་༥པའི་ཚེས་༢༣ཉིན་ཚོགས་འཆར་ཡོད་པ་བཅས་ལ་བོད་མི་ཡོངས་ནས་གདོང་ལེན་དང་། ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཕྱིར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་བཅས་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་ངོ་རྒོལ་ལས་འགུལ་རྒྱ་ཆེ་བ་སྤེལ་གལ་ཞེས་འཁོད་འདུག