དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཞིག་གི་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

2024.05.07
དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཞིག་གི་གནམ་ཐང་ནས་ཕྱིར་ལོག་བཏང་འདུག དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་(Tim Loughton)་ལགས། ༠༥།༠༧།༢༠༢༤
མཐུན་འགྱུར་པར་རིས།/RFA

དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱུན་རིང་ནས་བོད་དོན་གཙོས་པའི་རྒྱ་ནག་གི་བཙན་འོག་ཏུ་ཚུད་པ་སྤྱི་དང་། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་གཙོས་མང་གཙོའི་རིན་ཐང་སོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་གྲོས་ཚོགས་འཐུས་མི་(Tim Loughton)་ལགས་ཉེ་དུས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་(Djibouti)་ནང་ཕེབས་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཁོང་ཡུལ་དེའི་གནམ་ཐང་ནས་ཕྱིར་ལོག་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་ལ་གནས་འདྲི་ཞུས་པར། ཕྱི་ཟླ་༥བའི་ཚེས་༧ཉིན་བརྙན་ལམ་བརྒྱུད་ལན་འདེབས་གནང་བའི་ནང་། ཁོང་ཉེ་དུས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་(Djibouti)་ནང་ཕེབས་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཁོང་ཡུལ་དེའི་གནམ་ཐང་ནས་ཕྱིར་ལོག་བཏང་བའི་གནས་ཚུལ་དེ་རྒྱ་ནག་དང་འབྲེལ་བ་ཡོད་སྐོར་གསུངས་པ་དང་། རྒྱ་ནག་གཞུང་གིས་ལོ་གསུམ་ཙམ་གྱི་གོང་ནས་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་བདུན་ལ་ཉེས་ཆད་བཀེལ་བའི་ནང་ནས་འཐུས་མི་གཅིག་ཁོང་ཡིན་ཞིང་། ཁོང་རྣམས་ལ་ཆབ་སྲིད་ཀྱི་ཉེས་ཆད་འགེལ་དགོས་དོན་ཡང་གཙོ་བོ་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསུ་ཐན་ནང་གི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་གླེང་སློང་གནང་བར་བརྟེན་ནས་ཡིན་པ་འགྲེལ་བརྗོད་དང་འབྲེལ། ད་ཆ་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ཡང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གླེང་སློང་གནང་བར་བརྟེན་ནས་ཡིན་སྐོར་གསུངས་བྱུང་།

ད་དུང་ཁོང་གིས། འདི་ལོའི་ཕྱི་ཟླ་༤པའི་ནང་སོ་མ་ལེན་ཊི་ཞེས་པའི་ཨ་ཧྥེ་རི་ཀའི་ཡུལ་གྲུ་ཁག་ནང་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཆེད་ཕེབས་གནང་བ་དེ་ལམ་ལྷོང་ཆེན་པོ་བྱུང་ན་ཡང་རྒྱ་ནག་གིས་ཨ་ཧྥེ་རི་ཀའི་ཡུལ་གྲུ་དེ་དག་ཐོག་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཡང་ཡང་གླེང་སློང་ཡོང་གི་ཡོད་པ་དང་། སོ་མ་ལེན་ཊིའི་ཁྱིམ་མཚེས་རྒྱལ་ཁབ་(Djibouti)་ནང་རྒྱ་ནག་གཞུང་གིས་མ་རྩ་ཆེན་པོ་བཙུགས་ཡོད་པ་མ་ཟད། ད་ཆ་ཡུལ་དེའི་ནང་རྒྱ་ནག་གི་མཚོ་དམག་གི་རྟེན་གཞི་ཞིག་ཀྱང་ཆགས་ཡོད་པ་དེའི་ནང་རྒྱ་ནག་གི་མཚོ་དམག་དམག་མི་༢༠༠༠ལྷག་འགྲེམས་འཇོག་བྱས་ཡོད་སྐོར་སོགས་གསུངས་བ་དང་མཉམ། རྒྱ་ནག་གཞུང་གིས་ཁོང་རྣམས་ལ་གནོན་ཤུགས་ག་ཚོད་སྤྲད་ན་ཡང་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་དབྱིན་ཡུལ་གྱི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསུ་ཐན། རྒྱ་ནག་ནང་དང་མཐའ་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ལ་ཡང་དྲག་གནོན་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་དེ་དག་གི་སྐོར་མུ་མཐུད་ནས་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་བྱུང་།
སྐུ་ཞབས་(Tim Loughton)་ལགས་ནི། དབྱིན་ཡུལ་གྱི་(Sussex)་མངའ་ཁུལ་གྱི་(East Worthing and Shoreham)་ནས་འདེམས་བསྐོ་བྱུང་པའི་གྲོས་ཚོགས་འཐུས་མི་ཡིན་པ་དང་། ཁོང་གིས་དེ་སྔ་དབྱིན་ཡུལ་གྲོས་ཚོགས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ན་འགྲིག་གི་མེད་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་བའི་གྲོས་ཆོད་གྲོས་འཆར་སོགས་ཤུགས་ཆེ་འདོན་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་རེད།།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎