རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་དམ་བསྒྲགས་ཆེ་རུ་བཏང་བ།

རྒྱ་ནག་གཞུང་གིས་ཤར་ཏུར་ཀིསི་ཏན་ནང་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད་ཡུ་གུར་མི་དམངས་སྟོང་ཕྲག་འཛིན་བཟུང་བྱེད་བཞིན་ཡོད་པ་རེད།

༄༅༎གཟའ་འཁོར་རྗེས་མའི་ནང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཤིང་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཏན་ས་ཁུལ་ནང་སྐོར་བསྐྱོད་བྱ་རྒྱུ་ཡིན་པར་བརྟེན་ནས་རྒྱ་ནག་གཞུང་གིས་དཔལ་འབར་སྐོར་བསྐྱོད་ལ་འགོག་རྐྱེན་མི་ཡོང་བའི་ཆེད་དུ་ཤར་ཏུར་ཀིསི་ཏན་ནང་སྔར་ལས་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད། མི་དམངས་སྟོང་ཕྲག་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར་ས་གནས་མི་དམངས་དང་བཙན་བྱོལ་ནང་ཡོད་པའི་ཤིང་ཅང་མི་དམངས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

འཇར་མ་ནི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་གསུངས་དོན། ཤར་ཏུར་ཀིསི་ཏན་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་ནང་ཡུ་གུར་མི་དམངས་སྟོང་ཕྲག་འཛིན་བཟུང་བྱེད་བཞིན་ཡོད་པ་མ་ཟད། ཁ་ཆེའི་ཆོས་ལུགས་འགོ་ཁྲིད་རྣམས་བཙན་དབང་གིས་ཆབ་སྲིད་ཀྱི་སློབ་གསོའི་ལས་འགུལ་ནང་ཞུགས་དགོས་པའི་གནས་ཚུལ་དང་དེ་བཞིན་ས་གནས་རྒྱ་མིའི་དཔོན་རིགས་ནས་ཡུ་གུར་ཁ་ཆེ་ཁག་ཅིག་གི་ལག་འཁྱེར་གཞུང་བཞེས་བཏང་བའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། དེ་ཡང་ལོ་༢༠རྩ་གྲངས་ཡིན་པའི་མཐོ་སློབ་ཐོན་པའི་ཡུ་གུར་བུད་མེད་ཅིག་གིས་ཁོང་གི་ལག་འཁྱེར་ལོ་འདིའི་འགོ་སྟོད་ནས་གཞུང་བཞེས་བཏང་བ་དང་དེ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་དམངས་ཕྱི་རྒྱལ་ཁག་ཏུ་འགྲིམས་འགྲུལ་བྱས་ཏེ་ཨོ་ལིམ་པིཀ་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོང་བསམ་པའི་ཞེ་སྣང་གིས་བཀག་འགོག་བྱ་ཐབས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། གནས་ཚུལ་དེའི་སྐོར་ལ་ཕཱ་རན་སི་གསར་འགྱུར་ལས་ཁང་གིས་ཤིང་ཅང་གི་རྒྱལ་ས་ཨུ་རུམ་ཁི་ནང་ཡོད་པའི་རྒྱ་ནག་གཞུང་གི་དཔོན་རིགས་དང་ཉེན་རྟོག་པར་ཞལ་པར་ཐོག་གནས་ཚུལ་བཀའ་འདྲི་ཞུ་ཐབས་བྱས་པར་དེ་རིང་རེས་གཟའ་ཉི་མ་གཟའ་མཇུག་འཁེལ་བར་བརྟེན་ནས་ལན་འདབེས་བྱེད་མཁན་བྱུང་མེད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org