༧གོང་ས་མཆོག་ཨ་རིའི་ས་གནས་འགའ་ཞིག་ལ་ཆིབས་བསྒྱུར།
2012.02.21
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་བཞི་པའི་ནང་ཨ་མི་རི་ཀའི་ས་ཁུལ་ཁག་འགའ་ཤས་ཀྱི་ནང་ཆིབས་བསྒྱུར་མཛད་འཕྲིན་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༨ དང་ ༡༩ ཉིན་གྲངས་གཉིས་རིང༌། ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཡོད་པའི་སེན་ཌི་ཡེ་གོ་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གཉིས་དང་ རྩེད་ཐང་ཆེན་མོ་ཞིག་གི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་མི་འདྲ་བ་ཁག་གསུམ་སྩལ་གནང་མཛད་རྒྱུ་ཡིན་པ་དང༌། སེན་ཌི་ཡེ་གོ་མཐོ་རིམ་གཙུག་ལག་སློབ་གྲྭའི་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་དུ་བཅར་རྒྱུའི་གཙུག་ལག་སློབ་གྲྭ་དེའི་སློབ་ཕྲུག་དང་ལས་བྱེད་པ་ཚོའི་ཆེད་ལག་འཁྱེར་པ་སེ་གཟའ་ཟླ་བའི་ཉིན་ཚོང་བསྒྱུར་བྱས་རྗེས་ཀྱི་དུས་ཚོད་ཐུང་ངུ་ཞིག་གི་ནང་ཡོངས་སུ་འགྲིམ་ཟིན་པ་ San Diego Union Tribune ཞེས་པའི་གསར་ཤོག་གི་ནང་གནས་ཚུལ་སྤེལ་འདུག་པ་དང༌། མང་ཚོགས་ཀྱི་པ་སེ་གཟའ་ལྷག་པའི་ཉིན་ཚོང་བསྒྱུར་བྱེད་རྒྱུ་ཡིན་འདུག།
ཕྱི་ཟླ་ ༤ ཚེས་ ༡༨ ཀྱི་སྔ་དྲོ་ཀེ་ལི་ཕོར་ནི་ཡ་སེན་ཌི་ཡེ་གོ་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ གནམ་གཤིས་ཀྱི་འགྱུར་ལྡོག་གི་ཐད་གོ་ལའི་ཤུགས་རྐྱེན། ཀུན་ཁྱབ་འགན་འཁུར་བརྒྱུད་དོ་སྙོམ་པ། འགྲོ་བ་མིའི་སེམས་ཚོར་དང་སྙིང་རྗེ་བཅས་པའི་བརྗོད་གཞིའི་ཐད་ཀྱི་མང་ཚོགས་བགྲོ་གླེང་གི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་གནང་རྒྱུ་དང༌། གཙུག་ལག་སློབ་གྲྭ་དེའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ཞིབ་འཇུག་པ་གྲགས་ཅན་ལྦི་ར་བ་རྡ་རན་ར་མ་ན་ཐན་དང་རི་ཆདྲ་ས་མར་ལྦིལ་ཡང་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
ཡང་ཕྱི་ཚེས་ ༡༨ ཀྱི་ཉིན་རྒྱབ་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་ཐོག་སེན་ཌི་ཡེ་གོ་མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་ ཞི་བདེ་དང་བདེན་དོན་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་དང། ཕྱི་ཟླ་ ༤ ཚེས་ ༡༩ སྔ་དྲོ་སེན་ཌི་ཡེ་གོ་མངའ་སྡེའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གོ་སྒྲིག་ཞུས་པ་ལྟར་ འཁྲུག་ཆ་དོད་པོའི་དུས་སྐབས་ཀྱི་ནང་ཀུན་ཁྱབ་སྤྱོད་བཟང་དང་སྙིང་རྗེ་སྤེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མཐོ་རིམ་སློབ་གྲྭ་དེའི་ལྦི་ཡེ་ཡ་སེ་ ཞེས་པའི་རྩེད་ཐང་ཆེན་མོ་དེའི་ནང་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་འདུག་ཅིང༌། རྩེད་ཐང་དེའི་ནང་མི་ཤོངས་ཚད་ཆིག་ཁྲི་ཉིས་སྟོང་ཡིན་འདུག།