ཐའེ་ལྦན་ནང་བོད་ཀྱི་གནའ་བོའི་དངོས་རྫས་འགྲེམས་སྟོན།

རྒྱ་ནག་གཞུང་གིས་ཐའེ་ལྦན་ནང་བོད་ཀྱི་གནའ་བོའི་དངོས་རྫས་འགྲེམས་སྟོན་བྱེད་བཞིན་པ་དེར་བཙན་བྱོལ་བོད་མིས་ངོ་རྒོལ་བྱས་ཡོད་པ་རེད་

2010.08.15

༄༅༎རྒྱ་ནག་གཞུང་གིས་ཐའེ་ལྦན་ནང་བོད་ཀྱི་གནའ་བོའི་དངོས་རྫས་འགྲེམས་སྟོན་བྱེད་བཞིན་པ་དེར་ཐའེ་ལྦན་ནང་གནས་སྡོད་བོད་མི་དང་ བོད་དོན་ཐད་ལ་རྒྱབ་སྐྱོར་གནང་མཁན་ཐའེ་ལྦན་གྱི་མི་དམངས་ནས་རྒྱ་ནག་གཞུང་གིས་བོད་མིའི་གནའ་བོའི་དངོས་རྫས་རྐུ་འཁྱེར་བྱས་པ་རྣམས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཀྱི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་རེད་ཅེས་ངོ་རྒོལ་བྱས་ཡོད་པ་རེད་

ཕྱི་ཟླ་བདུན་པའི་ཚེས་༡ནས་བཟུང་ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེའི་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་རྒྱ་ནག་ནས་གཡར་བའི་བོད་ཀྱི་དགོན་སྡེ་ཁག་གི་རྩ་ཆེའི་དངོས་རྫས་མི་འདྲ་བ་༡༣༠ལྷག་འགྲེམས་སྟོན་བྱས་དང་བྱེད་མུས་ཡིན་པ་མ་ཟད་འགྲེམས་སྟོན་དེའི་མིང་ལ་འཛམ་གླིང་གི་ཡང་ཐོག་བོད་ཀྱི་རྩ་ཆེའི་དངོས་རྫས་ཞེས་བཏགས་ཡོད་པ་རེད་ འགྲེམས་སྟོན་དེ་ནི་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱ་རྒྱུའི་ཐབས་ཇུས་ཀྱི་མཚོན་དོན་ཞིག་ཡིན་ནའང་དེ་ཡིས་བོད་མི་ཚོར་ཁོང་ཁྲོ་བསླང་ཡོད་པ་རེད་ འགྲེམས་སྟོན་དེའི་ཐད་ཕེ་རན་སིའི་གསར་ལས་ཁང་གིས་ཐའེ་ལྦན་གྱི་རྒྱལ་སར་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་ལ་ཚུར་སྣང་ལན་འཆར་ཇི་ཡོད་འདྲི་བ་ཞུས་པར་ ཁོང་གིས་ལན་དུ་ འགྲེམས་སྟོན་དེ་ཡིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་ས་ཡ་གཅིག་ལྷག་དམར་བསད་བཏང་བའི་བྱ་སྤྱོད་གཡོལ་ཐབས་བྱེད་པ་དེར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་དང༌ འགྲེམས་སྟོན་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་རྣམས་འགྲེམས་སྟོན་བྱས་མེད་པ་མ་ཟད་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གདན་ཞུ་བྱ་དགོས་པའི་དགོས་འདུན་བཏོན་པ་ལ་ཡང་ འགྲེམས་སྟོན་འགན་འཁུར་བ་ཚོས་ངོས་ལེན་མ་བྱས་པ་དང་ ཉེན་རྟོག་པས་ངོ་རྒོལ་བྱེད་མི་རྣམས་འགྲེམས་སྟོན་ཁང་ནང་འཛུལ་ཞུགས་མི་ཐུབ་པའི་བཀག་མཚམས་བཟོས་ཡོད་པ་བཅས་ཀྱིས་ང་ཚོར་བློ་ཕམ་བྱུང་ཞེས་གསུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎