བོད་ནང་སྤང་སྐྱིད་ལ་༧གོང་ས་མཆོག་གི་སྐུ་པར་གདན་ཞུ་གནང་བ།


2016.07.20

ཁམས་འབའ་ཐང་སྤོ་བ་སྡེ་བས་དབྱར་ཀའི་སྤང་སྐྱིད་དུས་སུ་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་མཛད་སྒོ་ཚོགས་ཡོད་འདུག
དེ་ཡང་ཁམས་འབའ་ཐང་སྤོ་བ་སྡེ་བ་ཡིས་དེ་སྔོན་ནང་བཞིན་ཉེ་དུས་ཡང་བོད་ནང་གི་སྤྱི་ཚེས་༡༧་ཡས་མས་ལ་དབྱར་ཀའི་སྤང་སྐྱིད་དུས་སུ། རྟ་མ་རྒྱུགས་སྔོན་ལ་༧གོང་ས་མཆོག་གི་སྐུ་པར་རླངས་འཁོར་ཐོག་ཏུ་གདན་འདྲེན་ཞུས་ནས་མི་དམངས་ཀྱིས་ཁ་བཏགས་འཐེན་བཞིན་མཇལ་བཅར་ཞུས་པ་དང་། ཡུལ་དེའི་གཞི་བདག་བསྟོད་སར་ཕེབས་ནས་དགེ་འདུན་པས་བསང་བཏང་བ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་སྐོར་ད་ལྟ་ཨ་རི་དུ་གནས་སྡོད་དང་། འབའ་ཐང་སྤོ་བ་སྡེ་རང་ནས་ཡིན་པའི་བོད་མི་ཞིག་གིས་འགྲེལ་བརྗོད་འདི་ལྟར་གནང་སོང་། མི་དམངས་རང་ངོས་ནས་གོ་སྒྲིག་བྱེད་པའི་ཡུལ་དེའི་དབྱར་ཀའི་སྤང་སྐྱིད་མ་གཏོང་སྔོན་དུ་ཁ་པར་དང་། སྐད་འཕྲིད་སོགས་ཆ་ཚང་སྒོ་བརྒྱབ་ཡོད་པ་དང་། ཡིན་ནའང་ས་གནས་དེར་དབྱར་སྐྱིད་བཏང་བ་དང་བསྟུན་དམིགས་བསལ་གཞུང་གི་ལས་བྱེད་དང་དམག་མི་སོགས་ཀྱིས་དམ་དྲག་གི་གནས་སྟངས་དེ་འདྲ་བྱུང་མེད་པ་རེད།
དྲ་རྒྱའི་བརྒྱུད་ལམ་ཁག་དུ་ཡང་འདིའི་སྐོར་ཀྱི་བརྙན་ཐུང་ཞིག་ཐོན་པའི་ནང་། ༧གོང་ས་མཆོག་གི་སྐུ་པར་རླངས་འཁོར་ཞིག་གི་ཐོག་ཏུ་གདན་དྲངས་ཏེ་མདུན་དུ་དགེ་འདུན་པ་ཚོ་སྣེ་ཁྲིད་པ་དང་། རྒྱབ་ཏུ་རྟ་རྒྱུགས་འགྲན་པ་ཚོ་ལག་ཏུ་མཇལ་དུ་བཟང་སྟེ་བང་བསྒྲིགས་ནས་འགྲོ་བཞིིན་པའི་སྐབས་མཐའ་བསྐོར་ཀྱི་མི་དམངས་ཚོ་ལག་ཏུ་མཇལ་དར་འཐོབ་སྟེ་ཕེབས་བསུ་ཞུ་བཞིན་ཡོད་པ་རེད།
སྤོ་བ་སྡེར་འདིི་འདྲའི་བྱེད་སྒོ་དེ་སྔོན་ལོ་བཞིའི་སྔོན་དུ་སྤེལ་འགོ་བཙུགས་ཡོད་ཅིང་། ཐོག་མར་༧གོང་ས་མཆོིིག་གི་སྐུ་པར་རྟ་ཐོག་གདན་འདྲེན་ཞུས་པ་དང་། དེ་ནས་ན་ཉིན་ནས་བཟུང་རླངས་འཁོར་ཐོག་གདན་འདྲེན་ཞུས་འགོ་བཙུགས་འདུག།  
ཡུལ་དེ་ནི་འབའ་ཐང་རྫོང་ནས་རླངས་འཁོར་བརྒྱུད་ཆུ་ཚོད་༣་ཙམ་འགྲོ་དགོས་པ་དང་། འབའ་སྣེ་སྒོ་དགོན་པའི་ཁོངས་སུ་རྟོགས་ཞིང་། ལུང་པ་དེའི་ནང་སྤོ་བ་ཁང་ཚན་ཡོད་པ་ཙམ་ལས་དགོན་པ་ཆེན་པོ་དེ་འདྲ་མེད་པ་རེད་འདུག། ལུང་པ་དེའི་ནང་གྲོང་སྡེ་ཁག་༩་ཙམ་ཡོད་ཅིང་། གྲོང་སྡེ་རེར་སྡེ་མི་༢༠༠་ཙམ་ཡོད་པས་ཐེངས་འདིའི་དབྱར་སྐྱིད་དུས་སུ་མི་ཧ་ལམ་གཉིས་སྟོང་ཙམ་འདུ་སྡོད་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎