བོད་མི་ཚོ་རང་ཡུལ་ལ་ཕྱིར་ལོག་རྒྱུའི་དམིགས་ཡུལ་འདོར་མེད་སྐོར།

བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་བཅུ་ཕྲག་ལྔ་ཙམ་འགྲོ་གི་ཡོད་ཀྱང་རང་ཡུལ་ལ་ཕྱིར་ལོག་རྒྱུའི་དམིགས་ཡུལ་དང་རེ་འདོད་ནམ་ཡང་འདོར་མེད།

2008.12.15

༄༅༎བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་བཅུ་ཕྲག་ལྔ་ཙམ་འགྲོ་གི་ཡོད་ཀྱང་རང་ཡུལ་ལ་ཕྱིར་ལོག་རྒྱུའི་དམིགས་ཡུལ་དང་རེ་འདོད་ནམ་ཡང་འདོར་གྱི་མེད་པའི་དཔྱད་གཏམ་ཞིག་སྤེལ་འདུག

དེ་ཡང་ཨེ་ཤི་ཡ་ཀྲ་ཡེམ་སེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གསར་འགོད་པ་ས་རན་ཤེ་སེཧ་གལ་གྱིས་རྡ་རམ་ས་ལ་ནས་ད་རིང་ཆེས་བཅུ་དྲུག་འཁོད་པའི་དཔྱད་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་མོར་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་ཀྱང་ལོ་འདིའི་གསུམ་བཅུའི་དུས་དྲན་ཉིན་མོར་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུའང་སྒེར་ལངས་བྱས་ཡོད་པ་རེད།

འོན་ཀྱང་ཕྱི་ལོ་༢༠༠༩ལོ་འདི་ནི་བོད་མི་ཚོ་སྐྱབས་བཅོལ་དུ་སླེབས་ནས་ལོ་ངོ་ལྔ་བཅུ་ཐམ་པ་ཧྲིལ་བུ་འཁོར་གྱི་ཡོད་པའི་ཆ་ནས་དུས་དྲན་དེ་བས་རྒྱ་ཆེན་པོ་ཞིག་རྒྱུ་ཡིན་པ་དོགས་མེད་རེད། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་ངོས་ནས་དམིགས་བསལ་ལས་འགུལ་སྤེལ་འཆར་ག་རེ་ཡོད་མེད་སྐོར་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སློབ་ཕྲུག་བོད་རང་བཙན་ཚོགས་པ།བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་དེ་སྔ་ལས་ལྷག་པས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དེ་ཡང་ལོ་འདིའི་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་སྐབས་སུ་ལས་འགུལ་སྤེལ་བ་ལས་ལྷག་ཙམ་དང་གཞི་རྒྱ་ཆེ་ཙམ་སྤེལ་རྒྱུའི་འཆར་གཞི་ཡོད་རེད་ཅེས་བཀོད་འདུག

གསར་འགོད་པ་ས་རན་ཤེ་ནས་བཞུགས་སྒར་ཁུལ་བོད་མི་རྒན་གཞོན་བར་གསུམ་ལ་བཀའ་འདྲི་ཞུས་པའི་སྐབས་བོད་མི་ཚང་མས་བོད་ནང་རྒྱ་ནག་གཞུང་ནས་བཙན་འཛུལ་བྱས་ནས་ད་ཆ་ལོ་ངོ་ལྔ་བཅུ་ཙམ་འགྲོ་གི་ཡོད་པའི་དུས་ཚོད་དེའི་རིང་བོད་ནང་གི་རིག་གཞུང་ལ་ཉམས་རྒུད་ཕྱིན་པ་དང་ཆོས་ཕྱོགས་ཀྱི་རང་དབང་མེད་པ་སོགས་གང་ལྟར་བོད་ནང་གི་བོད་མི་ཚོར་རང་དབང་དང་ཐོབ་ཐང་མེད་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་དང་འབྲེལ་ང་ཚོའི་འཐབ་རྩོད་དེ་མུ་མཐུད་ནས་བྱ་རྒྱུ་དང་ལྷག་པར་དུ་སོ་སོའི་རྒྱལ་ཁབ་ཏུ་ཕྱིར་ལོག་རྒྱུའི་འདུན་པ་དང་དམིགས་ཡུལ་ནམ་ཡང་འདོར་རྒྱུ་མིན་ཞེས་ཚང་མས་འགྲེལ་བརྗོད་བྱས་ཡོད་འདུག དེ་དང་ཕྱོགས་མཚུངས་བོད་མི་མང་བས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་དོན་བདེན་མཐའ་སེལ་ཐབས་སུ་རང་བཙན་གཙང་མ་དང་ཕྱེད་རང་བཙན།རང་སྐྱོང་གི་གནས་བབས་སོགས་ག་འདྲ་ཞིག་ལམ་སྟོན་གནང་ཡང་དེར་མོས་མཐུན་དང་ཡིད་ཆེས་མཐའ་ཅིག་ཏུ་ཞུ་རྒྱུ་ཡིན་ཞེས་ཀྱང་དགོངས་ཚུལ་བཏོན་ཡོད་པའི་སྐོར་བཀོད་ནས་མཐའ་དོན་བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚོད་འདིར་ལས་འགུལ་རྒྱ་ཆེ་སྤེལ་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་ལུགས་དཔྱད་ཞིབ་བྱེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎