རྒྱ་ནག་གཞུང་གིས་བོད་ནག་ཆུ་ཁུལ་གྱི་བོད་མི་ཞིག་འཛིན་བཟུང༌།
2010.03.06
༄༅༎ཟླ་བ་སྔོན་མ་བོད་ནག་ཆུ་ཁུལ་གྱི་སོག་རྫོང་ནང་ལོ་ན་༢༥ཡིན་པའི་བཀྲིས་ལགས་རྒྱ་མིས་འཛིན་བཟུང་བྱས་ཡོད་སྐོར་ཁུལ་དེའི་ནང་འབྲེལ་བ་ཡོད་པའི་མི་སྣ་ཞིག་གིས་ཕ་ཡུལ་དྲ་གནས་ལ་གསུངས་བཞག།
བཙན་བྱོལ་ནང་གནས་འཁོད་ངག་དབང་མཐར་པ་ལགས་ཀྱིས་བཀྲིས་ལགས་འཛིན་བཟུང་བྱས་པའི་ཚེས་གྲངས་ངེས་གཏན་ཤེས་རྟོགས་བྱུང་མེད་ནའང༌། རྒྱ་ནག་གིས་བཀྲིས་ཐོག་གནས་འཕྲིན་དྲ་རྒྱའི་ནང་ཆབ་སྲིད་ཀྱི་གནད་དོན་བལྟས་པ་དང༌། ཡུལ་གྱར་དུ་ཡོད་པའི་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བཞག།ད་ལྟའི་ཆར་བཀྲིས་ལགས་ནག་ཆུ་རྫོང་གི་བཙོན་ཁང་ཞིག་ནང་བཙོན་འཇུག་བྱས་ཡོད་པ་རེད།
རྒྱ་མིའི་བཙོན་ཁང་གི་ལས་བྱེད་པ་ཚོས་སྔ་ལོ་ཕྱི་ཟླ་༡༢པའི་ནང་ལོ་གསུམ་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་སའི་རྒྱལ་སེང་ལགས་ཀྱི་ཕ་མ་སྤུན་ཆེད་ཚོ་ཁོང་བཙོན་ཁང་ནང་ཐུག་འཕྲད་བྱེད་པར་ཡོང་དུ་བཅུགས་ཀྱི་ཡོད་ནའང༌།བཙོན་ཁང་ནང་དུ་ རྒྱལ་སེང་ལགས་ཐོག་ཉིན་ལྟར་ཉེས་རྡུང་དང་མནར་གཅོད་མུ་མཐུད་གཏོང་བཞིན་ཡོད་པ་རེད། སྔ་ལོ་ཕྱི་ཟླ་༡༠པའི་ཚེས་༡ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་དགའ་སྟོན་གྱི་ཉིན་མོར་ ལོ་གྲངས་༢༦ལ་སླེབས་པའི་རྒྱལ་སེང་ལགས་དང་བོད་མི་གཞན་གསུམ་གྱིས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་སའི་རྒྱ་སྐད་ཀྱི་དྲ་རྒྱ་qq.comཞེས་པའི་ཐོག་རང་ཉིད་ཀྱི་དྲ་རྒྱའི་ཁ་བྱང་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་བཀའ་སློབ་ཟུར་སྦྱར་བྱས་པའི་ནག་ཉེས་འོག་བོད་མི་བཞི་པོ་དེ་རྣམས་འཛིན་བཟུང་བྱས་ཡོད་པ་རེད།
ཡང་གོང་ཞུས་གནས་ཚུལ་འབྱུང་ཁུངས་ཀྱིས་གསུངས་ན། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ནག་ཆུ་སོག་རྫོང་གི་ཁྱབ་ཁོངས་ས་གནས་ཁག་ནང་བོད་མི་ཚོར་བཙན་བཤད་ཀྱི་སྒོ་ནས་རྒྱལ་གཅེས་སློབ་གསོ་བསྐྱར་མའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་འདུག།