བོད་ཀྱི་བེུད་རྩོམ་པ་པོ་འོད་ཟེར་ལགས་བཀག་ཉར་བྱས་སྐོར།

བོད་ཀྱི་བེུད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་རྒྱ་མིའི་ཉེན་རྟོག་པས་ཆུ་ཚོད་བརྒྱད་རིང་བཀག་ཉར་གྱིས་དྲི་བརྩད་བྱས་ཡོད་འདུག

2008.08.26

༄༅༎བོད་ཀྱི་བེུད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་རྒྱ་མིའི་ཉེན་རྟོག་པས་ཆུ་ཚོད་བརྒྱད་རིང་བཀག་ཉར་གྱིས་དྲི་བརྩད་བྱས་ཡོད་འདུག་པ་དང་ འོད་ཟེར་ལགས་ཀྱིས་ལྷ་སའི་ཁྲོམ་གཞུང་དང་འགོ་ལམ་ཁག་ཏུ་དཔར་བརྒྱད་པར་ཉེན་རྟོག་པས་སྐྱོན་འཛུགས་བྱས་ཡོད་པ་དབྱིན་ཇིའི་ཊའེམ་སེ་གསར་ལས་ཁང་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག

འོད་ཟེར་ལགས་ཉེ་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་དུ་ཕྱིར་ལོག་གནང་ཡོད་པ་རེད་ ཊའེམ་སེ་གསར་འགྱུར་ལས་ཁང་གིས་ འོད་ཟེར་ལགས་རྒྱ་མིའི་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་པ་དེས་ འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ངོ་རྒོལ་དུས་ཟིང་ཆེན་པོ་ཞིག་བྱུང་བའི་རྗེས་ ད་དུང་ཡང་རྒྱ་ནག་གཞུང་ཕྱོགས་ནས་ལྷ་སའི་གནད་དོན་ཐད་དངངས་ཚབས་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག

འོད་ཟེར་ལགས་འཇུ་བཟུང་དྲི་བརྩད་ཀྱི་གནད་དོན་དེ་གཟའ་ཕུར་བུའི་ཉིན་བྱུང་བ་དང་ ལྷ་སར་བཅའ་ཞུགས་འོད་ཟེར་ལགས་ཀྱི་ཨ་མའི་གཟིམ་ཁང་དུ་རྒྱ་མིའི་ཉེན་རྟོག་པའི་མི་སྣ་སླེབས་སྟེ་ འོད་ཟེར་ལགས་ཉེན་རྟོག་ཁང་དུ་འདྲི་བརྩད་ཆེད་འགྲོ་དགོས་པའི་བཀའ་ཁྱབ་ཡི་གེ་ཞིག་སྤྲད་པ་དང་ སྐབས་དེར་འོད་ཟེར་ལགས་ཀྱི་སྐུ་ཟླ་རྒྱ་རིགས་ལྦ་ལི་ཞུན་ལགས་ཀྱང་ལྷན་དུ་ཡོད་འདུག་ཅིང་ ཁོང་གིས་ཊའེམ་སེ་གསར་ཤོག་ལང་ཁང་ལ་ ཁོང་ཚོས་ཡིག་ཆ་དེའི་ཐོག་མིང་ཡང་མ་དག་པ་བྲིས་འདུག་པས་ ངས་ཁོང་ཚོར་ འོད་ཟེར་མ་འཁྲིད་གོང་སྔོན་ལ་མིང་ལ་ནོར་བཅོས་དགོས་ལུགས་ཨུ་ཚུགས་མཐའ་ནན་བྱས་པ་དང་ ཆབས་གཅིག་ ཁྲིམས་ལུགས་གཞིར་བཟུང་ ཁོང་ཚོས་འོད་ཟེར་ཆུ་ཚོད་བཅུ་གཉིས་ནང་ཚུང་ཁྱིམ་ཚང་དུ་ཕྱིར་སློག་དགོས་པ་ཡང་དྲན་བསྐུལ་བྱས་པ་ཡིན་ཞེས་གསུངས་འདུག

འོད་ཟེར་ལགས་ལ་ཉེན་རྟོག་པ་ཁ་ཤས་ཀྱིས་དུས་ཡུན་ཆུ་ཚོད་བརྒྱད་རིང་དྲི་བརྩད་བྱས་འདུག་པ་དང་ ཁོང་ཚོས་ འོད་ཟེར་ལགས་ཀྱིས་ལྷ་སའི་གཞུང་ལམ་ཁག་ཏུ་དམག་མི་དང་ཉེན་རྟོག་པ་འགྲེམ་འཇོག་ཡོད་ས་ཁག་ཏུ་དཔར་བརྒྱད་པའི་དགོས་དོན་སོགས་ཀྱི་ཐད་དོགས་འདྲི་བྱས་འདུག ལྦང་ལི་ཞུན་ལགས་ནས་འོད་ཟེར་ལགས་ཀྱི་ཚབ་བྱས་སྟེ་ ཊའེམ་སེ་གསར་ཤོག་ལས་ཁང་ལ་ འོད་ཟེར་གྱིས་ཉེན་རྟོག་པ་ཚོར་ དམངས་ཚོགས་ཀྱི་ས་ཁུལ་ཁག་ཏུ་དཔར་བརྒྱབ་རྒྱུ་དེ་ནི་ཁྲིམས་འགལ་ཞིག་མིན་ལ་ དམག་དོན་དང་གསང་བའི་སྡེ་ཚན་གྱི་ས་ཁུལ་ལ་སོགས་པ་གང་དུ་ཡང་ཕྱིན་མེད་ཅེས་གསལ་བཤད་བྱས་འདུག

འོད་ཟེར་འཇུ་བཟུང་བྱ་རྒྱུའི་ཁྲིམས་ལུགས་ཀྱི་གཞི་རྟེན་གང་ཡང་ཡོད་པ་མ་རེད་ཅེས་གསལ་བཤད་གནང་འདུག

ཉེན་རྟོག་པས་འོད་ཟེར་གྱི་ཨ་མ་ལགས་ཀྱི་ཁང་པའི་ནང་སྔོགས་བཤེར་བྱས་སྟེ་ ཡིག་ཆ་འགའ་ཤས་དང་ སྐུ་ཞབས་ལྦང་ལི་ཞུན་གྱི་ཀམ་པུ་ཊར་སོགས་བཙན་འཁྱེར་བྱས་འདུག་པར་མ་ཟད་ ཀམ་པུ་ཊར་དེའི་ནང་གི་ཡིག་ཆ་ཡོངས་རྫོགས་ལ་རྟོག་ཞིབ་དང་ དེའི་ནང་བཅུག་པའི་ལྷ་སའི་ཁྲོམ་གཞུང་ཁག་ཏུ་བཞག་པའི་ཉེན་རྟོག་པ་དང་དམག་མི་སོགས་གསལ་བའི་དཔར་ཡོངས་རྫོགས་མེད་པ་བཟོ་དགོས་པའི་བཙན་བཀའ་ཡང་བཏང་ཡོད་འདུག

སྐུ་ཞབས་ལྦང་ལི་ཞུན་ལགས་ཀྱིས་ གལ་ཏེ་ཁོང་ཚོས་ཤུགས་རྐྱེན་ཡོད་པའི་རྩོམ་པ་པོ་འོད་ཟེར་ལྟ་བུར་ དཔར་འགའ་ཤས་བརྒྱབ་པ་ཙམ་གྱིས་སྡིག་ར་དང་འཇིགས་བསྐུལ་གྱི་བྱ་སྤྱོད་འདི་འདྲ་སྤེལ་ཐུབ་ཀྱི་ཡོད་ཚེ་ བོད་ནང་གི་སྤྱིར་བཏང་གི་བོད་མི་ཚོར་ཉིན་ལྟར་སྡིག་ར་གང་འདྲ་ཞིག་གི་འོག་གནས་དགོས་མིན་དེ་ནས་ཤེས་རྟོགས་ཐུབ་པ་ཞིག་རེད་ཅེས་གསུངས་འདུག

འོད་ཟེར་ལགས་དང་ལྦང་ལི་ཞུན་ལགས་རྣམ་གཉིས་བོད་ནང་ཟླ་བ་དྲུག་རིང་བཞུགས་རྒྱུའི་ཆེད་ཕེབས་ཡོད་ན་ཡང་ གོང་གི་གནས་ཚུལ་དེ་བྱུང་སྟེ་ཚོུད་བཞི་བཅུ་ཞེ་བརྒྱད་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎