འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༥པ་སྲུང་བརྩི་གནང་སོང་།
2024.03.13

ལོ་ལྟར་སྤྱི་ཟླ་༣པའི་ཚེས་༡༢ཉིན་ནི་དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བུད་མེད་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་གྱིས་སྒེར་ལངས་གནང་བའི་དུས་དྲན་ཉིན་མོ་ཡིན་པ་དང་། འདི་ཚེས་༡༢་ཉིན་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༥་པ་བཞུགས་སྒར་རྡ་རམ་ས་ལར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མཛད་སྒོ་དང་སྐད་འབོད་ཀྱི་ལམ་ནས་སྲུང་བརྩི་གནང་ཡོད་པ་རེད།
བུད་མེད་སྒེར་ལངས་དུས་དྲན་དེ་བཞིན་བོད་ཕྱོགས་སུ་བོད་མི་གནས་ཡུལ་བྱང་ཨ་རི་དང་། ཡོ་རོབ་ཀྱི་ཡུལ་ལུང་ཁག་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་ཡོད་པ་ལྟར། ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བུད་མེད་ཚོགས་པས་གོ་སྒྲིག་ཞུས་ཏེ་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་དུས་དྲན་ཐེངས་༦༥པ་དེ་སྲུང་བརྩི་ཞུས་གནང་སྐབས། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། འདས་པའི་མི་ལོ་༦༥གོང་ནས་བཟུང་ད་བར་བོད་ནང་དུ་བོད་མིའི་རྩ་དོན་ཆེད་བོད་ཀྱི་བུད་མེད་དཔའ་མོ་ཚོས་བློས་གཏོང་བྱས་པ་རྗེས་དྲན་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ནང་གི་བོད་མི་ཕོ་མོ་དབྱེ་བ་མེད་པར་དྲག་གནོན་བྱེད་བཞིན་པ་ལས་ཐར་ཐབས་ཆེད་ལས་འགུལ་རིགས་གང་མང་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་རྩ་དོན་ཆེད་སྐྱེས་ཕོ་མོ་གཉིས་ལ་དབྱེ་བ་མེད་པའི་སྒོ་ནས་ལས་འགུལ་སྤེལ་རྒྱུ་ལ་འགན་མཉམ་འཁུར་བྱེད་དགོས་གལ་ཆེན་པོ་རེད་ཅེས་གཏམ་བཤད་གནང་སོང་།
ཡང་སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་དང་། ནིའུ་ཡོག་གྲོང་ཁྱེར་གྱི་གཞིས་མི་གཞིས་སྤོས་ལས་ཁུངས་ཀྱི་ལས་བྱེད་ཚེ་དབྱངས་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པད་མ་སྒྲོལ་མ་གསུམ་གྱི་བུད་མེད་རང་དབང་སྒེར་ལངས་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། མཇུག་ཏུ་བུད་མེད་སྒེར་ལངས་ཀྱི་དུས་དྲན་དང་སྟབས་བསྟུན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ཁེ་ཎ་ཌར་འདི་ཚེས་༡༢ཉིན་ཨོན་ཏྲེ་རི་ཡོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞུང་འབྲེལ་མིན་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ས་གནས་བོད་མི་བརྒྱ་ཕྲག་ཁ་ཤས་མཉམ་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་མར་མེ་ཁྲོམ་སྐོར་གྱི་ལམ་ནས་བུད་མེད་རང་དབང་སྒེར་ལངས་དུས་དྲན་ཐེངས་༦༥་པ་སྲུང་བརྩི་གནང་ཡོད་པ་དང་། ཨོན་ཏྲེ་རི་ཡོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་ལྷ་དབང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཀྱི་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དང་། བོད་ནང་མུ་མཐུད་དུ་སྡུག་བསྔལ་མྱོང་བཞིན་པ་རྣམས་ཀྱི་སྙིང་སྟོབས་བཅས་ལ་ཡིད་སྨོན་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་གི་དཀའ་སྡུག་གནས་སྟངས་ལ་འགྱུར་བ་མ་བཏང་བར་དུ་བོད་ཀྱི་བུད་མེད་ཚོས་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་བྱུང་།
དེ་བཞིན་སུད་སིར་ས་གནས་བོད་ཀྱི་བུད་མེད་ཚོགས་པས་གོ་སྒྲིག་གནང་ཐོག་བོད་མི་ཚོ་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། ས་གནས་གསར་འགོད་པ་རྣམས་ཀྱི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།