བུད་མེད་སྒེར་ལངས་ཉིན་མོར་བོད་རིགས་མཉམ་ཞུགས་གནང་མཁན་ཉུང་བས་བློ་ཕམ་བྱུང་ཞེས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་གསུངས་བྱུང་།

2024.03.12
བུད་མེད་སྒེར་ལངས་ཉིན་མོར་བོད་རིགས་མཉམ་ཞུགས་གནང་མཁན་ཉུང་བས་བློ་ཕམ་བྱུང་ཞེས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ནས་གསུངས་བྱུང་། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་རྗེས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས། ༢༠༢༤།༠༣།༡༢ ཉིན།
RFA/Tenzin Woser

ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བུད་མེད་རྣམས་ནས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་གྱིས། འདི་ལོར་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༥ འཁོར་གྱི་ཡོད་ཅིང་། འདི་ཚེས་ ༡༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོལ་གསུམ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཉིན་མོ་འདི་སྲུང་བརྩི་གནང་ཡོད་པ་རེད། ཐེངས་འདིའི་བུད་མེད་སྒེར་ལངས་ཀྱི་ཉིན་མོར་སློབ་གྲྭ་ཁག་གི་སློབ་ཕྲུག་དང་བཙུན་མ་སོགས་མཉམ་ཞུགས་གནང་ཡོད་ཅིང་། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ནས། ཐེངས་འདིའི་བོད་ཀྱི་བུད་མེད་སྒེར་ལངས་རྗེས་དྲན་གྱི་ཉིན་མོར། བོད་རིགས་མཉམ་ཞུགས་གནང་མཁན་ཉུང་བས་བློ་ཕམ་བྱུང་ཞེས་དང་། བུད་མེད་སྒེར་ལངས་ཀྱི་ཉིན་མོ་རྗེས་དྲན་ཞུ་རྒྱུ་ནི་བུད་མེད་ལྷན་ཚོགས་ཀྱི་འོས་འགན་ཡིན་པ་ལྟ་བུར་ངོས་འཛིན་གནང་བཞིན་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༥ པའི་རྗེས་དྲན་གྱི་མཛད་སྒོ་གྲུབ་རྗེས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་བར་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་དང་བཙུན་མ་ཁག་ཅིག་ལ་བཀའ་འདྲི་ཞུས་ཀྱང་། བརྙན་པར་སོགས་ལ་མི་བདེ་བས་བཀའ་འདྲི་ལྷུག་པོ་མ་བྱུང་ཡང་། མང་ཆེ་བས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཉུང་བས་བློ་ཕམ་བྱུང་ཞེས་གསུངས་བྱུང་།

རྡ་སྟེང་བོད་ཁྱིམ་གྱི་སློབ་མ་ལྷ་མོ་ལགས་ནས། ཁོང་རང་ཉིད་ནས་མ་འོངས་པར་བོད་ཀྱི་འཐབ་རྩོད་ཆེད་ནུས་པ་ཡོངས་རྫོགས་སྤུངས་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་བསྟན་འཛིན་སྒྲོལ་མ་ལགས་ནས། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་རྗེས་དྲན་ཉིན་མོར་བོད་རིགས་གང་མང་མཉམ་ཞུགས་གནང་མ་ཐུབ་པ་དེར་དགོངས་པ་བཞེས་ཀྱི་འདུག་ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་གཞུང་འབྲེལ་གྱི་མཛད་སྒོར་གཏན་འབེབས་གནང་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཕྱི་ཟླ་ ༢ པའི་ཚེས་ ༢༩ ཉིན་ཨ་མི་རི་ཀའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ གྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ཡུལ་ལུང་ ༢༡༠ ནང་ནས་བོད་ནི་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་སྡུག་ཤོས་ཡིན་པ་གསལ་སྟོན་གནང་ཡོད་པ་དང་། དེ་ནི་རྒྱ་ནག་གིས་མི་ལོ་ ༦༥ རིང་བོད་བཙན་བཟུང་གིས་ད་ཆ་བོད་ནང་གི་སྤྱི་ཡོངས་རང་དབང་གི་གནས་སྟངས་དེ། ཚད་གཞི་བརྒྱ་ཐམ་པ་ནས་ཀླད་ཀོར་དུ་ལྷུང་བ་ཐོག་མ་དེ་ཡིན་ཞིང་། དེ་སྔོན་ ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༧ ནང་ནག་ཆུ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། ལོ་ན་༢༠ཙམ་ཡིན་པའི་བོད་རིགས་བུ་མོ་གཡུསྒྲོན་ལགས་ནས་༸གོང་ས་མཆོག་གི་སྐུ་པར་ཉར་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎