རྒྱ་ནག་གཞུང་གིས་རྒྱ་གར་ནང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་མི་རྒྱ་གར་མི་སེར་བཟོས་པ་ཚོའི་རྒྱ་ནག་གི་མི་སེར་ཐོབ་ཐང་དང་ས་ཆའི་ཐོབ་སྐལ་སོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་བསྒྲགས་འདུག

2025.03.26
རྒྱ་ནག་གཞུང་གིས་རྒྱ་གར་ནང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་མི་རྒྱ་གར་མི་སེར་བཟོས་པ་ཚོའི་རྒྱ་ནག་གི་མི་སེར་ཐོབ་ཐང་དང་ས་ཆའི་ཐོབ་སྐལ་སོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་བསྒྲགས་འདུག རྒྱ་དམག་གིས་ལྟ་སྲུང་བྱེད་བཞིན་པ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

རྒྱ་ནག་གཞུང་གིས་འདི་ལོ་སྤྱི་ཟླ་ ༢ པའི་ཚེས་ ༡༤ ཡས་མས་ཤིག་ནས་བཟུང་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པའི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་མཛོད་དགེ་རྫོང་ཁོངས་སུ། ས་གནས་ཀྱི་འབྲོག་ས་དང་གྲོང་སྡེ་ཁག་མང་པོར་བོད་སྐད་ཡག་པོ་བཤད་ཤེས་པའི་རྫོང་རིམ་པའི་འབྲེལ་ཡོད་ལས་བྱེད་ཀྱི་ཚོགས་ཆུང་ཆེད་འཛུགས་ཀྱིས། གཞི་རིམ་ས་གནས་ཁག་ནང་ཆེད་གཏོང་དང་འབྲེལ། ཕྱི་རྒྱལ་དུ་གནས་སྡོད་བོད་མི་སྤྱི་དང་ཁྱད་པར་རྒྱ་གར་ནང་གདན་ས་ཁག་ནང་སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་དང་སློབ་གྲྭ་ཁག་ནང་དེང་དུས་ཀྱི་ཤེས་ཡོན་འཐོབ་བཞིན་པའི་བོད་ཕྲུག་ཚོའི་ནང་མི་སྤུན་མཆེད་ཚོར་ཆེད་དུ་ཐུག་འཕྲད་ཀྱིས། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་དེ་ཚོ་ད་ལྟ་ནས་ཚུར་ལོག་ཡོང་ན་ཡག་པོ་ཡོད་པའི་གོ་སྐོན་བློ་འགུགས་དང་། ལྷག་པར་དུ་རྒྱ་གར་ནང་གི་གདན་ས་ཁག་གི་དགེ་འདུན་པ་དང་སློབ་ཕྲུག་རྣམས་ཀྱིས་རྒྱ་གར་གྱི་མི་སེར་བཟོས་ཡོད་མེད་ཐད་རྩད་ཞིབ་ནན་པོ་བྱེད་བཞིན་པ་མ་ཟད། གལ་ཏེ་གྲྭ་བཙུན་དང་སློབ་ཕྲུག་རྣམས་ཀྱིས་རྒྱ་གར་དང་བལ་བོ། ཕྱི་རྒྱལ་མི་སེར་བཟོས་ཡོད་པ་ཤེས་ཚོར་བྱུང་ན། ཁོང་ཚོ་ཁྲིམས་ཐོག་ནས་རྒྱ་ནག་གི་མི་སེར་ཡིན་པའི་ཐོབ་ཐང་ཕྱིར་བསྡུ་དང་། འབྲོག་ས་དང་ཞིང་ཁ་སོགས་ཀྱི་ས་ཆའི་ཐོབ་སྐལ་ཡོད་པ་རྣམས་རྒྱ་ནག་གཞུང་གིས་གཞུང་བཞེས་བྱེད་བཞིན་པ་སོགས། འབྲེལ་ཡོད་མཛོད་དགེ་རྫོང་གི་ཐང་སྐོར་ཡུལ་ཚོ་དང་བྱམས་མེ་ཡུལ་ཚོ་སོགས་ཀྱི་ས་གནས་བོད་མི་ཁག་ཅིག་ནས་དངོས་སུ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ད་དུང་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་མཛོད་དགེ་རྫོང་ཁོངས་སུ་བོད་མི་མང་པོ་ཞིག་གི་ཕྱིར་བསྐྱོད་ལག་ཁྱེར་བཙན་འཕྲོག་བྱས་ཟིན་པ་ཁག་ཅིག་ཕྱིར་སློག་གིས། མང་ཚོགས་ལ་སྲིད་བྱུས་གུ་ཡངས་ཡིན་མདོག་མདོག་གི་རྣམ་འགྱུར་དང་བློ་འགུག་ཐབས་ལམ་བསྟེན་བཞིན་ཡོད་ནའང་། རྒྱ་གར་ནང་རྩ་བ་ནས་འགྲོ་སྐྱོད་མི་ཆོག་པ་དང་རྒྱ་གར་དུ་ཕྱིན་པའི་གནས་ཚུལ་ཤེས་ཚོར་བྱུང་ན། མང་ཚོགས་ཀྱི་འཚོ་རྟེན་དུ་གྱུར་པའི་ས་ཆ་གཞུང་གིས་ལེན་རྒྱུ་ཡིན་པའི་འཇིགས་སྐུལ་རྒྱུན་མར་གཏོང་གི་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་སྤྱི་ལོ་ ༢༠༡༦ ཡས་མས་ནས་བཟུང་མཛོད་དགེ་རྫོང་ཁོངས་སུ་ཕྱི་རྒྱལ་དུ་བཙན་བྱོལ་ལ་འབྱོར་པའི་བོད་མི་ཚོའི་ཁྱིམ་ཐོ་ལ་ཞིབ་བཤེར་དང་། ཕྱིར་བསྡུའི་ལས་ཀ་འགོ་བཙུགས་ཡོད་པ་མ་ཟད། འདི་ག་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང་འཁོད་གསལ། རྒྱ་ནག་གཞུང་གིས་སྤྱི་ལོ ་༢༠༢༠ ལོའི་སྤྱི་ཟླ་ ༨ པའི་ཚེས་ ༢༤ ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པའི་བོད་རིགས་རང་སྐྱོང་གི་ས་ཁུལ་མང་པོར། བོད་མི་ཕྱི་རྒྱལ་དུ་ཡོད་པའི་ཁྱིམ་ཐོ་དང་ས་ཆའི་བདག་དབང་གི་ཡིག་ཆ་ལ་ཞིབ་བཤེར་གྱིས་ཕྱིར་བསྡུ་བྱེད་འགོ་བཙུགས་ཡོད་པ་དང་མཚུངས། སྤྱི་ལོ་༢༠༢༡ ལོར་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ཁོངས་ཀྱི་རྫོང་ཁག་མང་པོ་ཞིག་ལའང་སྲིད་བྱུས་དེ་ལག་བསྟར་གཅིག་མཚུངས་སུ་བྱས་ཡོད་པ་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རིམ་པ་སྤེལ་ཡོད་པ་རེད། ། 

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎