ནེ་རྡར་ལན་ཌིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག

ནེ་རྡར་ལན་ཌིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྡེ་དགེ་ཕྱོགས་ཀྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་བར་ངོ་རྒོལ་གནང་འདུག

ནེ་རྡར་ལན་ཌིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༠༣།༠༡།༢༠༢༤ མཐུན་འགྱུར་པར་རིས། ནོར་བུ་ཚེ་རིང་།

ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་ཡོད་པ་དང་། གནས་སྤོར་བྱེད་འདོད་མེད་པ་དང་ལས་གཞི་དེ་ལ་ཞི་བའི་ངོ་རྒོལ་བྱེད་མཁན་བོད་མི་མང་པོ་ཞིག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་བའི་གནས་ཚུལ་འབྱུང་བཞིན་པའི་གནས་སྟས་ཐད། འདི་ཚེས་༡ཉིན་ནེ་རྡར་ལན་ཌི་(Netherland)་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་རྒྱལ་ས་(Amsterdam)་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་སྡེ་དགེ་དབོན་པོ་སྟོད་དུ་འབྱུང་བཞིན་པའི་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེས་དང་འབྲེལ་ཁུལ་དེར་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་བ་རྒྱ་ནག་གཞུང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག


དེའི་ཐད་ས་གནས་ནས་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་སྐབས་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཁྱབ་བཞིན་པ་ལྟར། ཁམས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་ཀྱི་དབོན་པོ་སྟོད་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད། དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་བ་དང་། དེ་ཁུལ་གྱི་གྲོང་ཚོ་དང་དགོན་སྡེ་ཁག་ཅིག་གཏོར་འཆར་ཡོད་པའི་གནས་སྟངས་དེར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་མཉམ། ཁུལ་དེར་རྒྱ་ནག་གིས་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་བ་དང་། ས་གནས་མི་མང་གནས་སྤོར་དང་དགོན་གྲོང་གཏོར་འཆར་གྱི་ལས་གཞི་མཚམས་འཇོག་བྱེད་དགོས། འཛིན་བཟུང་བྱས་བའི་ཉེས་མེད་བོད་མི་རྣམས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་བཞིན་པ་གསུངས་བྱུང་།
ད་རེས་ཀྱི་ལས་འགུལ་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གོ་སྒྲིག་གནང་བ་དང་། སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག
གོང་བརྗོད་སྡེ་དགེ་ཕྱོགས་ཀྱི་ད་ལྟའི་དཀའ་ངལ་གནས་སྟངས་ཐད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་དང་ཁེ་ཎ་ཌའི་ཕྱི་སྲིད་ལས་ཁུངས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་བསྒྲགས་གཏམ་སྤེལ་བ་དང་འབྲེལ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་རྒྱ་ནག་གཞུང་ཚབ་མདུན་གཙོས་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་དང་། རྒྱ་གར་རྡ་རམ་ས་ལ་དང་། ལ་དྭགས། རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་མང་པོར་བོད་མི་ཚོགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org