རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ནང་དབང་ཚད་ལྡན་པའི་བོད་པའི་འཐུས་ཚབ་དང་འགོ་ཁྲིད་ཆེས་ཉུང་ཉུང་ཡིན་པ་ཐེར་འདོན་གནང་འདུག
རྒྱ་ནག་གི་གལ་གནད་ཆེ་བའི་ཚོགས་ཆེན་གཉིས་ཀྱི་ནང་དབང་ཚད་ལྡན་པའི་བོད་པའི་འཐུས་ཚབ་དང་འགོ་ཁྲིད་་ཆེས་ཉུང་ཉུང་ཡིན་པའི་ཐོག་བོད་མི་འགོ་ཁྲིད་ཚོར་རྒྱ་ནག་གཞུང་གིས་ཡིད་ཆེས་དང་ཆ་འཇོག་བྱེད་ཀྱི་མེད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་བཏོན་ནས་ཐེར་འདོན་གནང་འདུག
- 2024-03-05
-
-
-
Your browser doesn’t support HTML5 audio
དེ་ཡང་ཕྱི་ཟླ་༣ཚེས་༤ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། དེང་སྐབས་རྒྱ་ནག་ནང་རྒྱ་ནག་གཞུང་གིས་གལ་གནད་ཆེན་པོར་བརྩི་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཞེས་པའི་ཚོགས་ཆེན་གཉིས་ཚོགས་བཞིན་པ་ཡིན་ཡང་། ཚོགས་ཆེན་གཉིས་ཀྱི་ནང་དབང་ཚད་ལྡན་པའི་བོད་པའི་འཐུས་ཚབ་དང་འགོ་ཁྲིད་དཀོན་པའི་ཐོག བོད་མི་འགོ་ཁྲིད་ཚོར་རྒྱ་ནག་གཞུང་གིས་ཡིད་ཆེས་དང་ཆ་འཇོག་བྱེད་ཀྱི་མེད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་བཏོན་ནས་ཐེར་འདོན་གནང་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཁྱབ་ཁོངས་ཡིན་ཚུལ་བཤད་བཞིན་པ་དང་། དོན་དངོས་ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ད་ལྟའི་སྙན་ཐོ་ནང་གསལ་ལྟར། བོད་མི་ཚོ་དབང་ཆ་མིང་ཙམ་ཡོད་པ་ཚོ་གོ་གནས་ཐོག་མེད་པ་དང་། དབང་ཚད་མེད་པའི་གོ་གནས་ཐོག་བོད་མི་བསྐོ་བཞག་བྱས་ཡོད་པའི་གནད་དོན་ཐེར་འདོན་བྱས་ཡོད། དེའི་ནང་རྒྱ་ནག་དབུས་གཞུང་དང་ཞིང་ཆེན་རིམ་པ། ཁུལ་དང་རྫོང་རིམ་པ་བཅས་ཀྱི་ནང་བོད་མི་ཚོར་དབང་ཚད་ལྡན་པའི་གོ་གནས་མེད་པ་དང་། དབང་ཚད་ལྡན་པའི་གོ་གནས་རྒྱ་མི་རིགས་དང་ཡང་ན་བོད་རིགས་མ་ཡིན་པ་བསྐོ་བཞག་བྱས་ཡོད་པ་སོགས་ཀྱི་གནད་དོན་ཐེར་འདོན་གནང་ཡོད་འདུག
བུ་ཆུང་ཚེ་རིང་ལགས་ཀྱིས་མུ་མཐུད་དུ། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ད་བར་མི་ལོ་༦༠ལྷག་འགྲོ་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོར་ད་དུང་ཡང་དབང་ཚད་མེད་པ་དང་། སོ་སོའི་ལུང་པར་བོད་མི་ཚོ་ཡུལ་མི་གཉིས་པ་ལྟ་བུ་ཆགས་བསྡད་ཡོད་པ་ད་ཐེངས་ཀྱི་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གོང་བརྗོད་སྙན་ཐོའི་ནང་། རྒྱ་ནག་ནང་འདི་ཚེས་༤ཉིན་ནས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་དང་། ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་ཆེན་གཉིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཚོགས་ཆེན་འདི་གཉིས་བརྒྱུད་བོད་མི་དང་གྲངས་ཉུང་མི་རིགས་རྣམས་ལ་ཐོབ་ཐང་སྤྲད་ཚུལ་དྲིལ་བསྒྲགས་བེད་སྤྱོད་བྱེད་སྲིད་ཀྱང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་ཞིབ་འཇུག་སྙན་ཐོ་བཏོན་པ་དེས་ཆབ་སྲིད་གྲོས་ཚོགས་ཟེར་བའི་ནང་ཚོགས་གཞོན་གྱི་གོ་གནས་ཡོད་པའི་བོད་མི་གཅིག་ལས་མེད་པ་དང་། ཡང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ནང་ལས་གནས་གཞོན་པའི་གོ་གནས་ཡོད་པ་བོད་མི་གཅིག་རང་ལས་མེད་པ་ཐེར་འདོན་བྱས་ཡོད་པ་དང་དེའི་རྒྱུན་ལས་ནང་འཐུས་མི་གྲངས་༡༥༩ཡོད་པའི་ཁོངས་སུ་བོད་མི་གཅིག་ལས་མེད་པ་གསལ་སྟོན་བྱས་འདུག
ད་དུང་རྒྱ་ནག་གི་རྒྱལ་ཡོངས་རིམ་པའི་དབང་ཚད་ཡོད་པའི་ཚོགས་ཆེན་ཁག་གི་ནང་། བོད་པའི་དཔོན་རིགས་ཧ་ལམ་མེད་པ་དང་། རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠པའི་སྐབས་ཚོགས་མི་༢༠༥ཡོད་པའི་ཁོངས་སུ་ཡིན་ཡང་བོད་མི་གཅིག་ལས་མེད་པ་དེ་ནི་དེའི་གོང་གི་ཚོགས་ཆེན་ཚོགས་པ་དང་མཚུངས་བསྡུར་བྱས་པ་ཡིན་ན། བོད་མི་གཅིག་ཉུང་དུ་ཕྱིན་པ་གསལ་སྟོན་གནང་འདུག
ཡང་རྒྱ་ནག་དབུས་ཆབ་སྲིད་ཅུས་ཟེར་བའི་ནང་། ད་བར་བོད་མི་གཅིག་ལ་ཡང་གོ་གནས་སྤྲད་མྱོང་མེད་པ་ལ་བོད་མི་སུ་གཅིག་ཀྱང་དེའི་ནང་ཕྱག་ལས་གནང་མྱོང་མེད་པས། འདི་ནི་རྒྱ་ནག་གཞུང་གིས་བོད་མིར་རྒྱ་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་དབང་ཆ་སྤྲོད་ཀྱི་མེད་པ་མཚོན་པ་མ་ཟད། བོད་ནང་ལ་ཡང་དབང་ཆ་དངོས་སུ་སྤྲོད་ཀྱི་མེད་པ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་དབང་ཆ་བོད་མི་གཅིག་ལ་སྤྲོད་མྱོང་མེད་པ་སྙན་ཐོ་དེའི་ནང་གསལ་སྟོན་བྱས་འདུག
མཐར་ཕྱི་ལོ་༢༠༢༤་ལོའི་ད་ལྟའི་བོད་ནང་གི་གནས་སྟངས་ལ་གཟིགས་ཚེ། རྒྱ་ནག་གིས་བོད་མི་རྣམས་ཀྱི་མ་འོངས་པའི་མདུན་ལམ་བོད་མི་རང་གི་ལག་ཏུ་ཡོད་ཚུལ་བཤད་པ་ལས་ཟློག་སྟེ་བོད་མི་རྣམས་རང་གི་ལུང་པའི་ནང་མི་སེར་ཨང་རིམ་གཉིས་པའི་གནས་བབས་སུ་མུ་མཐུད་དུ་གནས་ཡོད་པ་ཡང་ཐེར་འདོན་གནང་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།