བོད་མི་རྟ་པ་ཚོར་རྒྱ་ནག་གི་རྒྱལ་དར་འཕྱར་དུ་བཅུག་འདུག
མདོ་སྨད་གཙོད་ས་ཁུལ་གྱི་ཤིང་སློང་དུས་སྟོན་སྟེང་དུ་རྒྱ་ནག་གི་བཀོད་སྒྲིག་འོག་བོད་མི་རྣམས་ལ་རྒྱ་ནག་གི་རྒྱལ་དར་འཕྱར་དུ་བཅུག་ཡོད་འདུག
-
2017-07-18 -
-
-
Your browser doesn’t support HTML5 audio
མདོ་སྨད་གཙོད་ས་ཁུལ་གྱི་ཤིང་སློང་དུས་སྟོན་སྟེང་དུ་རྒྱ་ནག་གི་བཀོད་སྒྲིག་འོག་བོད་མི་རྣམས་ལ་རྒྱ་ནག་གི་རྒྱལ་དར་འཕྱར་དུ་བཅུག་ཡོད་འདུག
དེ་ཡང་རྒྱ་ནག་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་དུ། ཤན་བྷ་ལ་ཡུལ་སྐོར་སྒྱུ་རྩལ་གྱི་དུས་ཆེན་ཟེར་བ་ཞིག ཟླ་འདིའི་སྤྱི་ཚེས་བཅུ་བདུན་ཉིན་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་གྱི་རིང་ལ་འཚོག་བཞིན་ཡོད་ཅིང་། མཛད་སྒོའི་ཉིན་དང་པོར་སྐྱ་མི་མང་བོ་ཞིག་གིས་ལག་ཏུ་རྒྱ་ནག་གི་རྒྱལ་དར་ཁྱེར་ནས་འགྲོ་བཞིན་པའི་པར་དང་བརྙན་ཐུང་རྣམས་དྲ་ལམ་ཁག་ཏུ་ཐོན་མ་ཐག་བོད་མི་མང་བོ་ཞིག་གིས་དྲ་ལམ་བརྒྱུད་ནས་སྡུག་དམོད་བྱས་ཡོད་ཅིང་། འདི་གའི་གསར་འགོད་པས་གནས་ཚུལ་དེའི་འབྱུང་རྐྱེན་ལ་རྩད་གཅོད་བྱས་པ་ལས་ཤེས་རྟོགས་བྱུང་དོན། ཉིས་སྟོང་བཅུ་བཞི་ལོར་ཡང་དགའ་སྟོན་དེའི་སྟེང་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པའི་བཀའ་མངགས་བྱས་ནའང་། བོད་མི་རྣམས་ཀྱི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འཕྱར་པ་ལས་རྒྱ་ནག་གི་རྒྱལ་དར་མ་འཕྱར་བར་བརྟེན་ནས་སྐབས་དེར་རྒྱ་ནག་གི་དམག་རྟ་བརྒྱ་དང་ལྔ་བཅུ་ཁྲིད་ཡོང་ནས་རྒྱ་དམག་གིས་བོད་ལྭ་གྱོན་དེ་ལག་ཏུ་རྒྱལ་དར་བཟུང་ནས་བོད་མི་ཡིན་ཁུལ་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ལོ་འདིར་ཡང་རྒྱ་གཞུང་གིས་བཙན་དབང་གིས་རྒྱལ་དར་འཕྱར་དགོས་པའི་བཀའ་ཁྱབ་བཏང་བ་ཞིག་ཡིན་ཞིང་། གལ་སྲིད་རྒྱལ་དར་མ་འཕྱར་པ་ཡིན་ན་མཇུག་འབྲས་ཚབ་ཆེན་འབྱུང་བའི་རྐྱེན་ཡིན་པ་ལས་མི་འདོད་བཞིན་དུ་རྒྱལ་དར་འཕྱར་དགོས་བྱུང་བ་ས་གནས་བོད་མི་ཞིག་གིས་བརྗོད་འདུག
ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་། རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་གྱི་མངའ་ཁོངས་སུ་རྫོང་ཁག་བདུན་ཡོད་པ་རེ་རེ་བཞིན་ལོ་ལྟར་མཉམ་ཞུགས་བྱ་དགོས་པའི་བཙན་བཀའ་བཏང་བ་ལྟར་མཉམ་ཞུགས་མི་བྱ་ཐབས་མེད་དུ་གྱུར་ཡོད་པ་ཞིག་ཡིན་ཞིང་། ལོ་འདིར་གཙོད་དེང་ཕྲུག་ཅེས་པའི་ས་ཁུལ་དེར་མཛོད་དགེ་སྟོད་དང་། ཁ་རྒྱ་སྟོད། རྡོ་དཀར་བཅས་སྡེ་བ་གསུམ་མཉམ་ཞུགས་བྱ་དགོས་བྱུང་ཡོད་ལ། དགའ་སྟོན་འགོ་འཛུགས་དང་མཉམ་དུ་རྒྱ་ནག་གི་རྒྱལ་དར་རྣམས་སྔ་ས་ནས་གྲ་སྒྲིག་གིས་བཙན་དབང་དང་གཞན་དབང་སྟབས་བསྟུན་གྱིས་བོད་མི་རྣམས་ལ་རྒྱལ་དར་འཕྱར་དུ་བཅུགས་ཤིང་། རྒྱལ་དར་འཕྱར་མཁན་གྱི་བོད་མི་རྣམས་ཀྱི་སེམས་སུ་བློ་ཕམ་ཆེན་པོ་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
གསར་འགོད་པ་ཀུན་བཟང་བསྟན་འཛིན། ཕབ་བཤུས་ཀེ་ཐོ།