ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་སྒོ་ཤེར་སོགས་བོད་ཀྱི་ཆབ་སྲིད་བཙོན་པའི་སྐོར་གླེང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་བོད་དང་རྒྱལ་སྤྱིའི་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་འབོད་སྐུལ་ལས་འགུལ་དབུ་འཛུགས་གནང་འདུག
- 2023-01-12
-
-
-
Your browser doesn’t support HTML5 audio
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་། ངལ་རྩོལ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྡེ་ཚན་གྱིས་ཕྱི་ཟླ་དང་པོའི་ཚེས་༡༡་ཉིན། (without Just Cause Political Prisoners Campaign)་དྲང་བདེན་གནས་ལུགས་མེད་པའི་གནད་དོན་ཞེས་ཆབ་སྲིད་བཙོན་པ་གློད་བཀྲོལ་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་བའི་ནང་། བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་གཙོས་པའི་འཛམ་གླིང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་རོགས་ཀྱི་འགན་འཁུར་བའི་ཐོག་ནས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་སྡེ་ཚན་གྱིས། ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་བའི་ལས་འགུལ་ཞེས་པ་དབུ་འཛུགས་གནང་ཡོད་པ་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པའི་རྐྱེན་གྱིས་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱིས་ལོ་རྒྱུས་ཁག་མཉམ་སྤྱོད་གནང་རྒྱུ་དང་ཁོང་རྣམས་བཙོན་གྲོལ་ཡོང་ཆེད་དུ་དམིགས་པ་ཡིན་འདུག་ལ། དེའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་མཚན་དང་ཁོང་གི་ལོ་རྒྱུས་ཁག་བཀོད་གནང་སྟེ། ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་པར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Uzra Zeya)་ལགས་སུ་(twitter)་བརྒྱུད་ཐུགས་རྗེ་ཞུས་གནང་འདུག དེ་མཚུངས་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་ཆབ་སྲིད་བཙོན་པ་ཁག་ཅིག་གློད་གྲོལ་དགོས་བའི་མིང་འདོན་བྱས་བའི་ཁྲོད་སྒོ་ཤེས་རབ་རྒྱ་མཚོ་ལགས་མིང་འདོན་གནང་བ་དེ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Uzra Zeya)་ལགས་ཀྱིས་ཤུགས་སྐྱོན་ཡོད་ལ། མ་འོངས་པར་རིམ་པས་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་སུ་ཕྱག་ལས་གནང་ངེས་ཡིན་པ་གསུང་བྱུང་།
ལས་འགུལ་དེ་དབུ་འཛུགས་ཀྱི་གསལ་བསྒྲགས་ནང་། སྒེར་གཅོད་དབང་འཛིན་པ་ཚོས་རང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་ཐ་དད་འཛིན་མཁན་རྣམས་ཀྱིས་གཞི་རྩའི་རང་དབང་ཐོབ་ཐང་ཐོག་དྲག་གནོན་དང་ཁོང་ཚོའི་འབོད་སྒྲ་འགོག་ཐབས་བྱེད་བཞིན་པར། འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་བཙོན་པ་གྲངས་ལས་འདས་པ་ཡོད་པ་དེ་དག་ལ་སྒེར་གཅོད་དབང་འཛིན་པ་ཚོས་སྡུག་སྦྱོང་མནར་གཅོད་དང་བཙན་ཤེད་བཏང་སྟེ་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་མི་སྤྱོད་ལས་འདས་པའི་མཐོང་ཆུང་ཁྱད་གསོད་སྣ་ཚོགས་སྒོ་ནས་སྡུག་སྦྱོང་གཏོང་གི་ཡོད་པ། ཆབ་སྲིད་བཙོན་པ་ཚོའི་ཕ་མ་སྤུན་མཆེད་རྣམས་ཀྱིས་ཁོང་རྣམས་དང་མཉམ་འཛོམས་ག་དུས་ཡོང་ན་སྙམ་པའི་ངང་སྒུག་གནང་བཞིན་ཡོད་པ། སྒེར་གཅོད་དབང་འཛིན་པ་ཚོའི་བྱ་ངན་དེ་དག་མུ་མཐུད་དུ་གནས་འཇུག་ཐབས་མེད་པས་ཨ་མི་རི་ཀས་གོང་ཞུས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་སུ་ལས་འགུལ་དེ་དབུ་འཛུགས་གནང་བ་དང་། དེ་ནི་ཨ་མི་རི་ཀའི་ངོས་ནས་མང་གཙོ་གོང་འཕེལ་གཏོང་གནང་རྒྱུའི་དམ་བཅའ་དང་པོ་དེ་མཚོན་གྱི་ཡོད་ཅེས་དང་། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་གང་སར་ཡོད་པའི་ཨ་རིའི་གཞུང་ཚབ་ཁག་ནས་ཕྱི་འབྲེལ་དང་ཕན་ཚུན་འབྲེལ་ལམ། རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་དང་གཞུང་འཛིན་ཁག་དང་མཉམ་ཚོགས་འདུ་འཚོགས་རྒྱུ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ཆབ་སྲིད་བཙོན་པ་ཚོའི་ནང་མི་མཉམ་དུ་འབྲེལ་བ་གནང་སྟེ་ཁོང་རྣམས་བཙོན་གྲོལ་ཡོང་ཐབས་ཀྱིས་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་འདུག
དེ་འབྲེལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་ལགས་ཀྱིས་ཀྱང་། ཆབ་སྲིད་བཙོན་པ་རྣམས་གཞུང་འཛིན་སོ་སོས་གློད་གྲོལ་གཏོང་དགོས་སྐོར་(Twitter)་བརྒྱུད་ནས་དགོས་འདུན་བཏོན་གནང་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།