རྒྱ་ནག་གི་ཆེད་ལས་སྦྱོང་བརྡར་ཟེར་བ་དེ་བོད་ལ་ཉེན་ཁ་ཡོད་པ་རྒྱལ་ཚོགས་ཀྱི་ཆེད་མཁས་རྟོག་ཞིབ་པས་གསུང་འདུག

2023.04.27
རྒྱ་ནག་གི་ཆེད་ལས་སྦྱོང་བརྡར་ཟེར་བ་དེ་བོད་ལ་ཉེན་ཁ་ཡོད་པ་རྒྱལ་ཚོགས་ཀྱི་ཆེད་མཁས་རྟོག་ཞིབ་པས་གསུང་འདུག ལྷ་སའི་ཉེ་ཁུལ་གྱི་གྲོང་ཚོ་ཞིག་གི་འགྲམ། ༦།༢།༢༠༢༡
AP

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ངལ་རྩོལ་གྱི་ནུས་པ་སྤོ་སྒྱུར་དང་། ཆེད་ལས་སྦྱོང་བརྡར་གྱི་ལས་འཆར་ཟེར་བ་སྤེལ་བཞིན་ཡོད་པའི་སྐྱོན་བརྗོད་དང་མཉམ། ལས་འཆར་དེས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གནས་བཅས་ལ་གཏོར་བརླག་དང་ངོ་བོ་བསྒྱུར་ཉེན་ཡོད་པ། ད་དུང་བོད་མི་རྣམས་བཙན་ཤེད་ཀྱིས་ངལ་རྩོལ་བྱ་རུ་འཇུག་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་པ་ཚོས། སྤྱི་ལོ་༢༠༡༥ལོ་ནས་བཟུང་རྒྱ་ནག་གཞུང་གིས་དྭང་བླང་རང་མོས་ཀྱི་ལས་འཆར་ཟེར་བ་ཞིག་བརྒྱུད་ནས། བོད་ཀྱི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ལ་བསྒྱུར་བཅོས་བཏང་བ་དང་། ལག་རྩལ་དང་ཡོང་འབབ་དམའ་བའི་ལས་ཀ་བྱེད་དུ་འཇུག་བཞིན་པ་དེ་ནི། དོན་དུ་བོད་མི་རྣམས་ལ་བཙན་ཤེད་ཀྱིས་ལས་ཀ་བྱ་རུ་འཇུག་གིན་ཡོད་པ་ཞིག་ཡིན་པ་དང་། མ་ཟད་ལས་འཆར་དེས་ལས་རིགས་ཀྱི་ལག་རྩལ་གོང་སྤེལ་གཏོང་རྒྱུའི་ཐད་དོ་སྣང་མེད་པར། དམག་སྦྱོང་གི་ཁོར་ཡུག་རྣམ་པའི་ཁྲོད་བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཐབས་གལ་ཆེར་འཛིན་བཞིན་པ་གསལ་སྟོན་བྱས་འདུག
ཡང་རྒྱ་ནག་གཞུང་གིས་བོད་མི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། ཆོས་ཀྱི་ངོ་བོ་བརྒྱུད་འཛིན་གོང་སྤེལ་གཏོང་རྒྱུ་གཉིས་ཀྱིས་དབུལ་འཕོང་ལས་གྲོལ་བའི་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་འགྲེལ་བརྗོད་བྱས་ནས་ཆོས་དང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་བྱ་རྒྱུར་བློ་སྤོབས་མི་ལྡན་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་རྟོག་ཞིབ་མཁས་དབང་ཚོས་གསུངས་འདུག
ད་དུང་བོད་མིའི་རྒྱུན་སྲོལ་གྱི་འབྲོག་པ་དང་ཞིང་པའི་འཚོ་བ་དང་ཁ་བྲལ་བཅུག་ནས། གླ་ཕོག་ཉུང་བའི་བཟོ་གྲྭའི་ནང་ལས་ཀ་བྱེད་དུ་བཅུག་གི་ཡོད་པ་དང་། ལས་རིགས་དེ་ཚོ་ཡང་གཏན་འཇགས་ཡིན་མིན་ངེས་བརྟན་མེད་པ་དེ་འདྲ་ཡིན་སྟབས། མཁས་དབང་ཚོས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་ལས་ཀའི་ཁོར་ཡུག་བསྐྲུན་དགོས་པ་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་ངོ་བོ་སོགས་ལ་བརྩི་བཀུར་ཞུ་དགོས་པའི་ནན་སྐུལ་གནང་འདུག དེ་བཞིན་བཙན་ཁྲིད་དང་བཙན་དབང་གིས་ངལ་རྩོལ་སྐུལ་བ་སོགས་སྔོན་འགོག་བྱ་དགོས་པའི་ནན་སྐུལ་ཡང་གནང་འདུག
ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་དྲུག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མི་ངལ་རྩོལ་བར་བཤུ་གཞོག་ཚབས་ཆེ་གཏོང་བཞིན་པར་བློ་ཚབས་ཡོད་པ་གསལ་སྟོན་དང་བཅས། དེའི་ཐད་གནད་འགག་དྲི་བ་བཅུ་བཞི་བཏོན་པའི་ཐུན་མོང་གི་ཡི་གེ་ཞིག་རྒྱ་ནག་གཞུང་ལ་བཏང་སྟེ་དེར་ལན་འདེབས་ཡོང་བའི་རེ་སྐུལ་གནང་ཡོད་པ་དང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སྤྱི་དང་། ལྷག་པར་ངལ་རྩོལ་ལས་བསྒྱུར་ཟེར་བའི་རྣམ་གྲངས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་གནས་སྤོར་ཐེ་བའི་དྲི་བ་བཅུ་བཞི་བཏོན་ནས་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དེ་སྔ་ངོ་སྤྲོད་གནང་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎