དབྱིན་ཇིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་གནང་བཞིན་ཡོད་ཟེར།
དབྱིན་ཇིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་གནང་བཞིན་པ་དབྱིན་ཡུལ་ཕྱི་སྲིད་ལྷན་ཁང་གི་གསར་འགོད་འབྲེལ་མཐུད་ཁང་ནས་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་བཀའ་ལན་གནང་བྱུང་།
- 2022-12-13
-
-
-
དེ་ཡང་ཉིན་ཤས་གོང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལས་ཁང་གིས། ཕྱི་ལོ་༢༠༢༡ལོའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་དམར་ཤོག་གི་སྲིད་གཞུང་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཙན་དབང་གིས་ཕ་མ་དང་ཐག་རིང་ས་གཏན་སྡོད་སློབ་གྲྭའི་ནང་འཇུག་བཞིན་ཡོད་སྐོར་བཀོད་ཡོད་པ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་དབྱིན་ཇིའི་ཕྱི་འབྲེལ་ལས་ཁང་གི་གསར་འགོད་འབྲེལ་མཐུད་སྡེ་ཚན་ལ་བཀའ་འདྲི་ཞུས་པའི་ལན་དུ་ཡིག་ཐོག་ནས་བཀའ་ལན་གནང་བའི་ནང་། ཕྱི་ལོ་༢༠༢༡ལོའི་སྙན་ཐོའི་ཟུར་འཆན་ནང་ཕྱི་འབྲེལ་དྲུང་ཆེ་མཆོག་གིས། རྒྱ་ནག་སྤྱི་དང་ལྷག་པར་དུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་། དེ་བཞིན་འཛམ་གླིང་གི་ས་ཕྱོགས་གཞན་མ་ཡན་མར་དང་། སུ་དྷན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོང་བཞིན་པའི་གནད་དོན་རྣམས་ལ་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་སུ་མུ་མཐུད་དུ་འབད་བརྩོན་གནང་གི་ཡོད་པ་དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་གསུམ་པའི་ནང་དབྱིན་ཇིའི་གཞུང་གིས་དམིགས་བཀར་གྱིས་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་བཙན་དབང་གིས་གཏན་སྡོད་སློབ་གྲའི་ནང་སློབ་བཅུག་བྱེད་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལྷན་ཚོགས་ཐོག་སྙན་སེང་ཞུས་པ་ཡིན་ཞེས་དང་། དེ་བཞིན་ཇི་ཎི་ཝའི་ནང་ཡོད་པའི་དབྱིན་ཇིའི་སྐུ་ཚབ་(Simon Manley)་ཡིས། བོད་ནང་གི་གནས་སྟངས་ནི་ཧ་ཅང་བློ་འཚབ་གནང་དགོས་པ་ཞིག་ཡིན་པ་དང་། ལྷག་པར་དུ་བཙན་དབང་གིས་ཕྲུ་གུ་གཏན་སྡོད་སློབ་གྲྭའི་ནང་སློབ་བཅུག་བྱེད་པའི་སྲིད་ཇུས་དེས་བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་ངོ་བོ་སོགས་རྩ་བརླག་འགྲོ་བའི་ཉེན་ཁ་ཡོད་པ་གསུངས་ཡོད་པ་རེད། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་དྲུག་པའི་ནང་། དབྱིན་ཇི་ཐེ་བའི་རྒྱལ་ཁབ་༤༦ཡིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་བློ་ཚབས་ཆེན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱ་དགོས་པ་ནི་རྒྱ་ནག་གི་འགན་འཁུར་ཡིན་པའི་སྐོར་གསུངས་ཡོད་པ་རེད་ཅེས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ནས་འདི་ག་རླུང་འཕྲིལ་ཁང་ལ་ཡིག་ཐོག་གནང་བའི་ནང་བྲིས་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།