ཐའེ་ཝན་གྱི་རྒྱལ་སར་ཐའེ་ཝན་ནས་བོད་མཐོང་ཞེས་བའི་རོལ་དབྱངས་འདུ་འཛོམས་གནང་འདུག
ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནང་ཐའེ་ཝན་ནས་བོད་མཐོང་བའི་རོལ་དབྱངས་འདུ་འཛོམས་ཞེས་པ་ཞིག་གཉེར་ཡོད་པ་དེའི་ཐོག་བཙན་བྱོལ་ནང་གི་སྒྱུ་རྩལ་པ་བཀྲས་ཆུང་ལགས་ཀྱིས་གཙོས་པའི་སྒྱུ་རྩལ་པ་ཁག་ཅིག་མཉམ་ཞུགས་གནང་སྟེ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་འཁྲབ་སྟོན་གནང་པར་ཐའེ་ཝན་ནང་དགའ་བསུ་ཐོབ་ཡོད་འདུག
- 2023-09-29
-
-
-
དེ་ཡང་ཐའེ་ཝན་རིག་གཞུང་ལྷན་ཁང་གི་དྲ་ཚིགས་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ཐའེ་ཝན་ནང་ཕྱི་ལོ་༢༠༢༣ལོའི་བོད་ཀྱི་རིག་གཞུང་སྒྱུ་རྩལ་དུས་སྟོན་ཐེངས་དགུ་པ་ཞེས་པ་དེ་གཉེར་ཡོད་པ་དང་། ཟླ་༩ཚེས་༢༣དང་༢༤ཉིན་གཉིས་རིང་ཐའེ་ཝན་ནས་བོད་མཐོང་བའི་རོལ་དབྱངས་འདུ་འཛོམས་ཞེས་པ་གཉེར་པ་བརྒྱུད་མི་རིགས་འདྲ་མིན་གྱི་དྲན་ཤེས་དང་སྒྲུང་གཏམ་ངོ་སྤྲོད་བྱུང་བར་མ་ཟད། ཐའེ་ཝན་ནང་རིག་གཞུང་སྣ་མང་ཡོད་དེ་དག་མཉམ་གནས་ཡོང་རྒྱུར་ཡང་སྐུལ་དེད་ཐུབ་ཡོད་པ་བརྗོད་འདུག འདི་ལོའི་རིག་གཞུང་སྒྱུ་རྩལ་དུས་སྟོན་འདིའི་ཐོག་བཙན་བྱོལ་ནང་གི་སྒྱུ་རྩལ་པ་གྲགས་ཅན་བཀྲས་ཆུང་ལགས་ཀྱི་གཙོས་པའི་བོད་པའི་སྒྱུ་རྩལ་པ་ཁག་ཅིག་གིས་བོད་ཀྱི་སྲོལ་རྒྱུན་ནང་པ་སྟོད་གཞས་དང་། ༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཞི་བའི་གངས་སེང་ཞུ་བ་ལ་སོགས་པའི་འཁྲབ་སྟོན་ཁག་ཅིག་གནང་འདུག་ཅིང་། ཐའེ་ཝན་གྱི་དབུས་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་ད་རེས་ཀྱི་རོལ་དབྱངས་འདུ་འཛོམས་དེའི་ཐོག་ཐའེ་ཝན་རྒྱལ་ཁབ་ཀྱི་རོལ་དབྱངས་ཚོགས་པ་དང་བོད་པའི་རོལ་དབྱངས་མཁས་པ་བཀྲས་ཆུང་ལགས་གཙོས་པའི་རུ་ཁག་ནས་ཐུན་མོང་ཐོག་འཁྲབ་སྟོན་ཞུས་ཡོད་པ་བཀོད་འདུག་ལ། རོལ་དབྱངས་དུས་སྟོན་འདིས་རོལ་དབྱངས་ལ་རྒྱལ་མཚམས་མེད་པའི་རིག་གཞུང་བརྗེ་རེས་ཀྱི་གོམ་སྟབས་གསར་པ་ཞིག་གཏོད་ཐུབ་པ་བསྟན་ཡོད་པ་དང་། རོལ་དབྱངས་ཐོག་ནས་ཀྱང་ཐའེ་ཝན་དང་འཛམ་གླིང་འབྲེལ་ནས་ཡོད་པ་གསལ་སྟོན་ཐུབ་ཡོད་པ་བརྗོད་འདུག འཁྲབ་སྟོན་སྐབས་ཐའེ་ཝན་རིག་གཞུང་ལྷན་ཁང་གི་དཔོན་རིགས་ནས་བོད་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས་ཤིག་ཡོད་པ་དང་། བོད་ཀྱི་རིག་གཞུང་ལ་ནང་སེམས་ཀྱི་སྙིང་བཅུད་ལྡན་ཡོད་པས། བྱམས་དང་སྙིང་རྗེའི་ཐོག་ནས་འཛམ་གླིང་ཡོངས་ལ་སྨོན་ལམ་འདེབས་ཀྱི་ཡོད། ཐའེ་ཝན་ནི་རིག་གཞུང་སྣ་མང་ལྡན་ལ་སྒོ་མོ་ཕྱེ་བའི་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན་པས། ད་རེས་ཐའེ་ཝན་གྱི་རོལ་དབྱངས་ཚོགས་པ་དང་བོད་པའི་སྒྱུ་རྩལ་པའི་མཉམ་ལས་འདི་ཡི་ཁྲོད་ནས་ཐའེ་ཝན་གྱི་སྣ་མང་རིག་གནས་དང་རང་དབང་གི་རིག་གཞུང་འདི་མངོན་ཐུབ་པ་བྱུང་ཡོད་པ་གསུངས་འདུག
ཐའེ་ཝན་རིག་གཞུང་ལྷན་ཁང་གིས་རིན་མེད་ངང་ཉིན་གཉིས་རིང་འཁྲབ་སྟོན་གོ་སྒྲིག་ཞུས་ཡོད་པ་དང་། བཙན་བྱོལ་ནང་གི་སྒྱུ་རྩལ་པ་བཀྲས་ཆུང་ལགས་དང་ཚེ་རིང་ཕུན་ཚོགས་ལགས། མགོན་པོ་མིག་དམར་ལགས། པ་སངས་ལྷ་མོ་ལགས། བསྟན་འཛིན་འོད་འབུམ་ལགས་བཅས་ཀྱིས་འཁྲབ་སྟོན་ནང་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།