པོའོ་ལེན་ནང་གི་ཐང་ཆེན་ཞིག་ལ་བོད་ཀྱི་ཐང་ཆེན་ཞེས་མིང་འགྱུར།
2010.10.24
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་ལ་གུས་བཀུར་དང་རྒྱབ་སྐྱོར་ཞུ་མཁན་ཇེ་མང་དུ་འགྲོ་བ་བཞིན། པོའོ་ལེན་གྱི་རྒྱལ་ས་ལྦར་སོའོ་ནང་གི་གལ་ཆེའི་ཐང་ཆེན་ཞིག་གི་མིང་བསྒྱུར་བཅོས་བྱས་ཏེ་བོད་ཀྱི་ཐང་ཆེན་ཞེས་པར་མིང་འགྱུར་བྱེད་རྒྱུའི་མཛད་སྒོ་ཚོགས་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱལ་ས་ལྦར་སོའོ་ཡི་གཞུང་འབྲེལ་གྱིས་རྒྱ་ལམ་དེའི་མིང་འགྱུར་བྱེད་པའི་མཛད་སྒོ་ཚོགས་པའི་ཐོག་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ཧེ་ན་ཞུ་བས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་སྟེ། ང་ཚོས་ཐང་ཆེན་དེའི་མིང་བསྒྱུར་བྱེད་དགོས་དོན་ནི། ཞི་བདེ་ལ་དགའ་བའི་བོད་མི་ཚོས་ད་བར་བོད་མི་རིགས་ཀྱི་ངོ་བོ་མི་རླགས་པའི་འབད་བརྩོན་བྱེད་པ་དེར་རྒྱབ་སྐྱོར་གྱི་མཚོན་དོན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད། ལྷག་པར་དུ་བོད་པའི་ངོ་བོ་མཚོན་པའི་མིང་འགྱུར་བྱེད་པའི་དམིགས་ཡུལ་ནི། དེ་སྔ་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་༡༩༥༩ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༠ཉིན་བོད་མི་ཚོས་ལྷ་སའི་སྲང་ལམ་ཐོག་ཏུ་དོན་ཏེ། རྒྱ་ནག་གཞུང་གི་བཙན་འཛུལ་ལ་ངོ་རྒོལ་སྒེར་ལངས་བྱས་པར་བོད་མི་བརྒྱད་ཁྲི་དྲུག་སྟོང་ལྷག་གི་ཚེ་སྲོག་ཤོར་བ་ཚོ་དང༌། བོད་མི་མང་པོ་ཞིག་རང་དབང་མེད་པར་བཙན་བྱོལ་དུ་སྡོད་དགོས་བྱུང་བ་ཚོ། ༢༠༠༩ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ས་ལྦར་སོའོ་ཡི་ཆ་འབངས་མི་སེར་གྱི་ཐོབ་ཐང་འབུལ་བཞེས་མཛད་པ་སོགས་དྲན་རྟེན་བྱ་རྒྱུའི་ཆེད་དུ་ཡིན་པ་རེད། ཐོག་མར་བྱས་ན་ཐང་ཆེན་དེའི་དངོས་སུ་མིང་འགྱུར་བྱེད་ཡ་ནི་བོད་རང་བཙན་ཞེས་བཏགས་རྒྱུར་པོའོ་ལེན་གྱི་ཕྱོགས་འགལ་ཚོགས་པ་PISཡིས་རེ་འདུན་བཏོན་ཏེ་ལོ་གཉིས་འགྲོ་གི་ཡོད་ཀྱང་མཐར་བོད་ཀྱི་ཐང་ཆེན་ཞེས་པ་མིང་འགྱུར་བྱས་ཡོད་པ་མ་ཟད། རྒྱལ་ས་ལྦར་སོའོ་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་ཀྱི་ཐང་ཆེན་ཞེས་པ་མིང་འགྱུར་བྱས་པ་དེར་འབྲེལ་ཡོད་ལྦར་སོའོ་གྲོང་ཁྱེར་ལས་ཁུངས་ལ་ངོ་རྒོལ་ཇི་ཙམ་བྱེད་ཀྱི་ཡོད་ཀྱང་གཞུང་འབྲེལ་གྱིས་མིང་འགྱུར་བྱས་པའི་མཛད་སྒོ་དངོས་སུ་ཚོགས་ཡོད་པ་རེད།