ཨ་རིའི་གྲོས་ཚོཊ་འོག་མའི་ནང་བོད་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ལ་བོད་མིའི་སྒྲིག་འཛུཊ་ཀྱིས་དགའ་བསུ།
2020.01.29
ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་མང་མོས་གཏན་འབེབས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འདུག
ཟླ་བ་འདིའི་ཕྱི་ཚེས་༢༨་རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་༢༠༢༠་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་རམ་(Tibet Policy and Support Act of 2020) ཞེས་པའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་༣༩༢ ནས་ཚད་མཐོ་པོའི་ངང་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱུང་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོད་བློ་བཟང་སེང་གེ་མཆོག་གིས། ངོས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཁྲིམས་འཆར་དེའི་ཐོག་ཕྱག་ལས་གནང་མཁན་འབྲེལ་ཡོད་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གོང་ཚེས་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེའི་ཐོག་བགྲོ་གླེང་གི་ལས་རིམ་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕོལ་ལོ་སི་(Nancy Pelosi)་མཆོག་གིས་གཏམ་བཤད་གནང་བའི་ནང་། ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཆེད་ཨ་མི་རི་ཀས་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཡང་ན་སྐུ་ཉིད་ཀྱི་སྐུ་ཚབ་ལྷན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བསྐྱར་གསོ་དགོས་པའི་སྐུལ་མ་བྱེད་དགོས་པ་དང་། གཞི་རྩའི་རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་ལྷན་དང་གྲོས་མོལ་མི་བྱེད་པ་དེ་ངོས་ལེན་བྱ་ཐབས་བྲལ་བ་ཞིག་རེད་ཅེས་གསལ་འདོན་གནང་ཡོད།
ད་དུང་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕོལ་ལོ་སི་(Pelosi)་མཆོག་གིས། བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེའི་ནང་། རྒྱ་ནག་གཞུང་གི་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ནང་ཐེ་ཇུས་བྱས་ན་མི་སྒྲིག་པ་དང་། དེ་ལྟར་ཐེ་ཇུས་བྱས་ཚེ་རྒྱལ་ཁབ་གང་ཞིག་གི་ནང་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུའི་ཁྲིམས་ཡིག་འོག་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་པ་གསལ་འདོན་གནང་འདུག
ད་རེས་གྲོས་ཚོགས་ནང་ཁྲིམས་འཆར་དེ་གཏན་འབེབས་བྱེད་པའི་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས། རྒྱ་ནག་དང་ཨ་རི་གཉིས་ཀྱི་བར་ལ་འབྲེལ་བཟང་པོ་ཞིག་ཡོང་བར་ང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་རྒྱུ་དགོས་གལ་ཆེ། འོན་ཀྱང་། བོད་ནང་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་བོད་པའི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱེད་རྒྱུའི་ཁས་ལེན་བྱས་མེད་པའི་ཐོག་བོད་རིགས་ཚུད་པའི་རྒྱལ་སྤྱིའི་སྐུ་ཚབ་དང་། གསར་འགོད་པ་སོགས་བོད་ནང་དུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད་པ་སོགས་ཐེར་འདོན་གནང་ཡོད་པ་རེད།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གོང་ཞུས་གསར་འགོད་ལྷན་ཚོགས་དེའི་ཐོག ད་རེས་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་གོང་ཞུས་ཁྲིམས་འཆར་དེ་གཏན་འབེབས་བྱུང་བ་དེས་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་གསུངས་ཡོད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱུང་བར་དེ་ནི་རྒྱལ་སྤྱིའི་ཁྲིགས་ལུགས་དང་འགལ་པ་དང་། རྒྱ་ནག་གི་ནང་སྲིད་ཐེ་བྱུས། བོད་རང་བཙན་དང་ཁ་བྲལ་བ་ཚོར་བརྡ་ལན་ནོར་འཁྲུལ་ཅན་ཞིག་སྤྲད་ཡོད་པ་རེད། ཞེས་བརྗོད་འདུག