རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་སྐབས་བོད་དོན་གླེང་རོགས་ཞེས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེར་ཞུ་འབོད་བྱས་འདུག

དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམ་གཉིས་གཟའ་མཇུག་ཏུ་མཇལ་འཕྲད་གནང་བའི་སྐབས་བོད་ནང་དུ་རྒྱ་ནག་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭ་མཚམས་འཇོག་བྱ་དགོས་པ་སོགས་གནད་དོན་ཁག་གསུམ་གྱི་ཐོག་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ལ་གནོན་ཤུགས་སྤྲོད་དགོས་པའི་ཐད་དབྱིན་ཡུལ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་སུ་མཉམ་སྦྲེལ་གྱི་ཞུ་ཡིག་ཕུལ་བའི་ནང་འབོད་སྐུལ་ཞུས་འདུག
དེ་ཡང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་འཐུད་ཚོགས་པ་བཅས་མཉམ་འབྲེལ་གྱིས་འབོད་སྐུལ་གྱི་ཞུ་ཡིག་ཅིག་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ David Cameron གྱི་མཚན་ཐོག་ཏུ་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཕྱི་སྲིད་ལས་ཁུངས་སུ་ཕུལ་ཡོད་ཅིང་།
དེང་སྐབས་བོད་ནང་དུ་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་གཉེར་བཞིན་པ་མཚམས་འཇོག་དགོས་པ་དང་།
བོད་མིའི་ཆོས་དད་རང་དབང་ལ་བརྩི་འཇོག་བྱེད་དགོས་པ།
བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་བཅས་དོན་ཚན་གསུམ་གྱི་ཐོག་ཕྱི་སྲིད་དྲུང་ཆེ་ Cameron མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་འབྲེལ་ཡོད་བོད་རང་དབང་ཚོགས་པའི་ཞུ་གཏུག་འགན་འཁུར་བ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་དོན་ཚོགས་པ་ཁག་གིས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཕུལ་བའི་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་གཏན་འཇགས་སློབ་གྲྭ་གཉེར་བཞིན་པ་དེས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་གཞི་ཞིག་ཡིན་སྟབས་ངེས་པར་དུ་མཚམས་འཇོག་དགོས་པ་དང་། དེ་བཞིན་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས་པ་མ་ཟད། དགོན་སྡེ་ཁག་ལ་དམ་དྲག་བཀག་སྡོམ་བྱེད་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ། དེ་མིན་ལྷུན་གྲུབ་གྲགས་པ་ལགས་ཀྱིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པ་བཅས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་སུ་ཡིག་ཐོག་འབྲེལ་བ་ཞུས་ཏེ། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་མཉམ་བོད་དོན་གླེང་རྒྱུ་ཡིན་མིན་དང་། སྲིད་བློན་རི་ཤི་སུ་ནཀ་སྲིད་གཞུང་གིས་བོད་ནང་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་དགོན་སྡེ་བཅས་པའི་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་པའི་ཐད་ལངས་ཕྱོགས་ག་རེ་ཡིན་མིན་བཀའ་དྲི་ཞུས་ཡོད་པས། ད་བར་ལན་འདེབས་གང་ཡང་འབྱོར་མ་བྱུང་ཡང་། མཇུག་འདེད་ཞུ་མུས་ཡིན།
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ David Cameron དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དབར་ཐུགས་འཕྲད་གནང་རྒྱུ་འདི་ནི་ཁོང་རི་ཤི་སུ་ནཀ་ཀྱིས་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་པའི་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་མོལ་གནང་རྒྱུ་ཐོག་མར་དེ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ། འཆི་མེད། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག