གྷིརསི་ཁྲིམས་ཁང་གིས་བོད་མི་དང་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་གི་ཁྲིམས་རའི་ཐག་གཅོད་ཕྱིར་འགྱངས་བྱས་འདུག
གྷིརསི་ཁྲིམས་ཁང་གིས་ཡུལ་དེར་སྔ་ལོར་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བོད་མི་དང་ཧོང་ཀོང་གི་ལས་འགུལ་བ་ཁག་ཅིག་ལ་ནག་ཉེས་མེད་པ་དག་འབུད་ཐག་གཅོད་གནང་ཡོད་ཀྱང་འཆི་མེད་ལྷ་མོ་སོགས་ཁག་ཅིག་གི་ཁྲིམས་རའི་ཐག་གཅོད་ཕྱིར་འགྱངས་བྱས་འདུག
- 2022-12-02
-
-
-
གྷིརསི་(Greece)་ཁྲིམས་ཁང་གིས་ཡུལ་དེར་སྔ་ལོར་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དེ་རྒྱ་ནག་ནང་འཚོགས་རྒྱུར་འོས་བབས་མེད་པའི་ངོ་རྒོལ་བྱེད་མཁན་ཁག་ཅིག་ལ་ནག་ཉེས་མེད་པ་དག་འབུད་ཐག་གཅོད་གནང་ཡོད་ཀྱང་། རྩེད་འགྲན་གྱི་དཔལ་འབར་རྩིས་སྤྲོད་བྱེད་སའི་མཛད་སྒོ་ཚོགས་སར་ངོ་རྒོལ་བྱེད་མཁན་འཆི་མེད་ལྷ་མོ་ལགས་དང་། གཞན་ལས་འགུལ་བ་(Jason)དང་(Fern)་བཅས་ལ་ཁྲིམས་གཏུགས་བྱས་རྗེས་ཐག་གཅོད་དེ་ལོ་རྗེས་མའི་བར་དུ་ཕྱིར་འགྱངས་བྱས་ཡོད་པ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་འདུག
དེ་ཡང་ལོ་སྔོན་མའི་སྤྱི་ཟླ་༡༠ནང་བོད་མི་དང་ཧོང་ཀོང་བ་གཙོས་ལས་འགུལ་བ་ཚོས་གྷི་རི་སིའི་ནང་༢༠༢༢ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་དངོས་སུ་རྩིས་སྤྲོད་ཀྱི་མཛད་སྒོའི་ཉིན་མོ་དང་བསྟུན། དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་མཛད་སྒོ་སྤེལ་སའི་གྷིརིསི་གྱི་གྲོང་ཁྱེར་ཨེ་ཐེནསི་ས་གནས་དང་དེའི་ཉེ་འགྲམ་(Acropolis)་གནའ་ཤུལ་དྲན་རྟེན་སྟེང་དུ་འཕྲེད་དར་འཐེན་ནས་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དེ་རྒྱ་ནག་ནང་འཚོགས་རྒྱུའི་འོས་བབས་མེད་པའི་ངོ་རྒོལ་དང་། དེ་བརྒྱུད་རྒྱ་ནག་གིས་བོད་ལ་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་རེད། ངོ་རྒོལ་བྱས་རྗེས་ལས་འགུལ་བ་རྣམས་ས་གནས་ཁག་གཉིས་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ནའང་ཉིན་གཅིག་ནང་ཚུད་གློད་བཀྲོལ་བཏང་ཡོད་ཀྱང་ཁྲིམས་གཏུགས་གྱིས། ངོ་རྒོལ་ལས་འགུལ་བ་ཁག་ཅིག་ལ་ཁོར་ཡུག་འབག་བཙོག་དང་གཏོར་བརླག་གི་བྱ་སྤྱོད་སྤེལ་ཚུལ་བཤད་ནས་ཁྲིམས་གཏུགས་བྱས་ཡོད་པ་དང་། སྤྱི་ཟླ་༡༡པའི་ཚེས་༡༧ཉིན། བོད་རང་དབང་སློབ་ཕྲུག་ཚོགས་པའི་འབྲེལ་ཡོད་གཞི་རིམ་ལས་འགུལ་འགན་འཛིན་བསྟན་འཛིན་གཡང་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྷིརསི་(Greece)་ཁྲིམས་ཁང་གིས་ཡུལ་དེའི་(Acropolis)་དྲན་རྟེན་སྟེང་དུ་འཕྲེད་དར་འཐེན་ནས་ལོ་སྔོན་མར་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བོད་མི་རྫོགས་བཟང་ཚེ་ལྷ་ལགས་དང་། ཨ་རིའི་མི་སེར་ཡིན་པའི་ཧོང་ཀོང་བ་(Joey Siu)་གཉིས་ལ་ནག་ཉེས་མེད་པའི་དག་འབུད་ཐག་གཅོད་གནང་ཡོད་ཅིང་། དཔལ་འབར་རྩིས་སྤྲོད་འགོ་འཛུགས་བྱེད་ཡུལ་(Athens)་དུ་ངོ་རྒོལ་བྱེད་མཁན་ངོ་རྒོལ་བ་འཆི་མེད་ལྷ་མོ་ལགས་དང་། གཞན་(Jason)་དང་(Fern)་བཅས་ལ་ཁྲིམས་གཏུགས་བྱས་བའི་ཐག་གཅོད་བརྒྱུད་རིམ་དེ་༢༠༢༣་ལོའི་ཟླ་༡༡བར་ཕར་འགྱངས་བྱས་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།