༧སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ཡིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག
༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་འདུག
- 2023-06-01
-
-
-
Your browser doesn’t support HTML5 audio
༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སྤྱི་ཟླ་༥བའི་ཚེས་༣༠ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིསི་ནང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཐད་བཀའ་མོལ་ཆུ་ཚོད་གཅིག་ལྷག་གནང་ཡོད་པ། ཧྥ་རན་སིར་བཅའ་བཞུགས་ཡོ་རོབ་མངའ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དེང་སྐབས་ཧྥརན་སིའི་རྒྱལ་ས་པེ་རིསི་རུ་ཆེད་ཕེབས་གནང་མུས་ཡིན་པ་རེད།
ཡོ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཧྥརན་སིའི་གྲོས་ཚོགས་ནང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ལྷན་བཅར་ཞུས་འདུག་ཅིང་། ཁོང་གིས། མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་གི་གནས་སྟངས་ནི་རིག་གནས་གསར་བརྗེ་གཉིས་པ་ལྟ་བུ་ཧ་ཅང་གི་ཛ་དྲག་ཅན་ཞིག་ཡིན་པ་དྲན་སྐུལ་ཞུས་གནང་པ་འགྲེལ་བརྗོད་གནང་བྱུང་ལ། ད་དུང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ཇི་སྲིད་བོད་དང་རྒྱ་ནག་གི་བར་གྱི་ཆབ་སྲིད་ཀྱི་དཀའ་རྙོག་དེ་ཞི་བའི་སྒོ་ནས་མ་སེལ་བར་དེ་སྲིད་དུ་ཧྥརན་སི་གཙོས་ཡོ་རོབ་དང་ཨ་རི། རྒྱ་གར་དང་ཉི་ཧོང་སོགས་ཀྱིས་བོད་དོན་ཐོག་གང་ཅིའི་རྒྱབ་སྐྱོར་མུ་མཐུད་དུ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། སྐབས་དེར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་ལྕམ་(Jacqueline EUSTACHE-BRINIO)་ལགས་ཀྱིས། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་གསུངས་བྱུང་།
ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཉེ་ཆར་བཞུགས་སྒར་དུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་དང་། ཁོང་ཚོས་བོད་ཀྱི་གནད་དོན་ནི་འཛམ་གླིང་སྤྱིའི་ཁོར་ཡུག་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ངོས་འཛིན་ཐོག ལྷག་པར་དུ་ཨེ་ཤེ་ཡའི་གླིང་ཕྲན་ནང་ཡོད་པའི་རྒྱལ་ཁབ་མང་པོའི་འཚོ་ཐབས་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་གཟིགས་ནས་མ་འོངས་པར་ཁོར་ཡུག་གི་བྱ་བཞག་ནང་བོད་དོན་ཐོག་དམིགས་བསལ་ལས་གཞི་གོ་སྒྲིག་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་ཡོ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གསར་འགོད་པ། བསོས་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།