དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཨིསིཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་གཉིས་མཇལ་མོལ་གནང་འདུག

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་ཨིསིཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་ཞུས་ཡོད་འདུག

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཨིསིཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་གཉིས་མཇལ་མོལ་སྐབས། ༡༡།༢༤།༢༠༢༢ CTA

འདི་ཚེས་༢༤ཉིན་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕརཱ་སི་ལགས་ཀྱིས་ཨིསིཊོ་ནི་ཡའི་(Estonia)་ཕྱི་སྲིད་བློན་ཆེན་ཨུརྨ་རཡེན་སུལཱ་མཆོག་དང་། ལཱཊ་ཝི་ཡའི་(Latvian)་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་མོལ་ཞུས་འདུག དེའི་ཐད་དོན་གཅོད་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཉེ་ལམ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ཕརཱསི་ལགས་དང་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་པས་ལི་ཐུ་ནི་ཡཱའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགྲུབ་རྗེས། འདི་ཚེས་༢༣་དང་༢༤ཉིན་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཨིསིཊོ་ནི་ཡ་སོགས་སུ་ཆེད་ཕེབས་ཀྱིས་ཨིསིཊོ་ནི་ཡའི་ཕྱི་སྲིད་བློན་ཆེན་(Urmas Reinsalu)་ལགས་དང་ཕྱི་སྲིད་ལས་ཁུངས་ནང་མཇལ་འཕྲད་ཞུས་ནས། བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་གནས་བབས་དང་། རྒྱ་ནག་གཞུང་གིས་དེ་ལ་ལོག་འགྲེལ་བྱས་ནས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ཕྱིའི་ཡུལ་གྲུ་ཁག་ལ་བསྒྲགས་ཐབས་བྱས་དང་བྱེད་བཞིན་པའི་སྐོར་འགྲེལ་བཤད་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཁྲོད། བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་པ་དང་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་འཚོལ་བསྡུ་བྱས་ནས་བེད་སྤྱོད་ལོག་པ་གཏོང་བཞིན་བའི་གནས་སྟངས་སྐོར་སོགས་ཞུས་ནས། མ་འོངས་རྒྱ་ནག་གི་དཔོན་རིགས་དང་ཐུག་འཕྲད་སྐབས་གནས་སྟངས་དེ་དག་དང་འབྲེལ་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་དགོས་པའི་འབོད་སྐུལ་ཞུས་བ་དང་། དེ་མིན་ཨིསིཊོ་ནི་ཡའི་གཞུང་གིས་བཙན་བྱོལ་བོད་མིར་རྒྱ་གར་གཞུང་གིས་སྤྲད་པའི་ཕྱི་བསྐྱོད་ལག་འཁྱེར་སེར་པོ་ངོས་ལེན་གནང་ཕྱོགས་ལ་སོགས་པ་བཀའ་མོལ་གནང་རྒྱུ་བྱུང་བ་དང་། ཕྱི་སྲིད་བློན་ཆེན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་གོང་ཞུས་བོད་ཀྱི་གནས་སྟངས་ཐད་གང་ཐུབ་ཞུ་ངེས་ཡིན་པ་ཁས་ལེན་གནང་བྱུང་བ་གསུང་བྱུང་།
དེ་བཞིན་(Latvian)་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་མོལ་ཞུས་ཡོད་པ་དང་། མི་རིང་པའི་སྤྱི་ལོ་༢༠༢༣ ལོའི་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་སྐབས་(Latvia)་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁ་ཤས་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་གྲ་སྒྲིག་གང་མཚམས་གཏན་འཁེལ་ཟིན་པ་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་(Latvian)་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་མོལ་ཞུས་ཡོད་པ་དང་། མི་རིང་པའི་སྤྱི་ལོ་༢༠༢༣ ལོའི་བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་སྐབས་(Latvia)་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁ་ཤས་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་གྲ་སྒྲིག་གང་མཚམས་གཏན་འཁེལ་ཟིན་པ་སོགས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org