ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།

2023.12.09
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐོག་བོད་དོན་གླེང་བ།
ཨེ་ཨེཕ་པི།

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉེ་ཆར་སྤྱི་ཚེས་༧ཉིན་ཚོགས་པའི་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐེངས་༢༤ཐོག་ལ་ཡོ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་ནས་རྒྱ་ནག་གི་དཔོན་རིགས་ལ་བོད་ཀྱི་གནད་དོན་གླེང་སློང་གནང་བའི་སྐོར་གསུངས་པ་དེར་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་སྒང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་ཞུས་འདུག
དེ་ཡང་ཕྱི་ཟླ་༡༢ ཚེས་༧ རེས་གཟའ་ལྷག་པའི་ཉིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐེངས་༢༤ པ་དེ་པེ་ཅིང་དུ་སྐོང་ཚོགས་བྱས་ཤིང་། ལྷན་ཚོགས་དེ་ནི་༢༠༡༩ ནས་བཟུང་དཔོན་རིགས་ཕན་ཚུན་དངོས་སུ་ངོ་ཐུག་གི་ལྷན་ཚོགས་ཐེངས་དང་པོ་ཡིན་པ་རེད།
སྐབས་དེར་ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་གཙོ་འཛིན་Charles Michel མཆོག་དང། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་དབུ་འཁྲིད་ལྕམ་ Ursula von der Leyen རྣམ་གཉིས་ཀྱི་ལྷན་དུ་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་སྐུ་ཚབ་ཏུ་སྐུ་ཞབས་Josep Borrell བཅས་ཕེབས་ཏེ་རྒྱ་ནག་གི་སྲིད་འཛིན་Xi Jinping དང་སྲིད་བློན་ Li Qiang གཉིས་དང་ཐུག་འཕྲད་གནང་བའི་རྗེས། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཟུང་འབྲེལ་གསར་འགོད་ལྷན་ཚོགས་གནང་བའི་ཐོག་ལ།
ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་Charles Michel མཆོག་གིས། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་ཡོངས་ཁྱབ་ཡིན་ཞིང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནམ་ཡང་དོ་སྣང་མ་གནང་བར་གནང་རྒྱུ་མིན་པ་མ་ཟད། དེ་རིང་ང་ཚོས་དམིགས་བསལ་སེམས་ཁྲལ་ཡོད་པའི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་གླེང་སློང་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།
ཡོ་རོབ་མཉམ་སྦྲེལ་ལྷན་ཁང་གི་གཙོ་འཛིན་གྱི་བཀའ་མོལ་དེ་ནི་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་བོད་དང་འབྲེལ་བའི་གནད་དོན་གལ་ཆེར་རྩེས་ཏེ་གཞུང་འབྲེལ་བཀའ་མོལ་གནང་ཡག་གི་འཆར་གཞིའི་ནང་མུ་མཐུད་འཇོགས་ཐབས་གནང་བཞིན་ཡོད་པ་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་སྒང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ངོས་འཛིན་ཞུས་གནང་འདུག
ཡང་འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཡོ་རོབ་མཉམ་སྒྲེལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་དང་རྒྱ་ནག་གི་དཔོན་རིགས་མཇལ་ཕྲད་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཕྱི་ཚེས་༧ཉིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་Nabila Massrali ཡིས་ཡིག་ཐོག་ལན་འདེབས་ཞིག་འབྱོར་ཡོད་པའི་ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་གནས་སྟངས་དང་། དེ་ཡང་ཤིན་ཅང་དང་བོད་གཙོས་པའི་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚོའི་གཞི་རྩའི་རང་དབང་ཐོག་དམ་དྲག་གི་གནས་སྟངས་བཅས་ལ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་དཔོན་རིགས་དང་རྒྱལ་སྤྱིའི་ལྡིང་ཆ་སོགས་གོ་སྐབས་ནམ་བྱུང་ལ་གལ་ཆེའི་ཐོག་ནས་གླེང་སློང་གནང་བཞིན་ཡོད་པའི་སྐོར་གསུངས་འདུག
ད་དུང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་བཅའ་སྡོད་སློབ་གྲྭ་བཙུགས་པ་དང་དེ་བཞིན་བོད་ནང་གི་བོད་མིའི་ཟུངས་ཁྲག་ནས་DNA ཟེར་བའི་རིགས་རྫས་མཁོ་བསྒྲུབ་བྱེད་པའི་བྱ་སྤྱོད་བཅས་ཀྱི་ཐོག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་ཀྱི་གཏམ་བཤད་ལས་རིམ་ནང་ཡང་ཚུད་ཡོད་པའི་སྐོར་གོང་ཞུས་མགྲིན་ཚབ་པས་འགྲེལ་བརྗོད་གནང་འདུག།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎