བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་གནས་མྱོང་མེད་པ་རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་ཞིག་གིས་གསུང་འདུག

་བོད་དོན་རྒྱབ་སྐྱོར་བ་དང་སྐུ་ཞབས་མེ་ཀལ་ཝན་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་པ། ༡༠།༠༤།༢༡
་བོད་དོན་རྒྱབ་སྐྱོར་བ་དང་སྐུ་ཞབས་མེ་ཀལ་ཝན་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་པ། ༡༠།༠༤།༢༡ (tibet.net)

རྒྱལ་སྤྱིའི་ཁྲིམས་དང་ལྷག་པར་དུ་མི་རིགས་རང་དབང་གི་ཁྲིམས་ཀྱི་གནད་དོན་ཐད་ཀྱི་མཁས་པ་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་སྐུ་ཞབས་མེ་ཀལ་ཝན་(Dr. Michael van Walt)་ལགས་ཀྱིས་ཡོ་རོབ་ཀྱི་གྲོང་ཁྱེར་(Hague)་དང་། (Brussels)་བཅས་རྒྱལ་ཁབ་ཁག་ཅིག་ནང་བོད་དོན་དང་འབྲེལ་བའི་ ཞུ་གཏུག་གླེང་མོལ་ཆེད་སྐོར་བསྐྱོད་གནང་བཞིན་པ་ལྟར། འདི་ཚེས་༤་ཉིན་ཁོང་ཧྥ་རན་སིའི་རྒྱལ་ས་(Paris)་ཕེབས་འབྱོར་གྱིས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་མཇལ་འཕྲད་གནང་བ་དང་། དེ་བཞིན་ཧྥ་རན་སིའི་(TV5)་བརྙན་འཕྲིན་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པ་བརྒྱུད་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་། བོད་ཀྱི་གནད་དོན་ཐད་གསལ་བཤད་སོགས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་(Brussels)་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
ཧྥ་རན་སིའི་བརྙན་འཕྲིན་ལྔ་པའི་བཅར་འདྲིའི་སྐབས། སློབ་དཔོན་(Michael van Walt Praag)་ལགས་ཀྱིས། ལོ་རྒྱུས་ཐོག་བོད་ནི་སྐབས་རེར་ཕྱིའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་འོག་ཚུད་མྱོང་ཡོད་ཀྱང་རྒྱ་ནག་གི་ཆ་ཤས་ནམ་ཡང་ཆགས་མྱོང་མེད་ལ། བོད་ཀྱིས་རང་གི་ཐག་ཉེ་ཁྱིམ་མཚེས་རྒྱལ་ཁབ་དང་གཞན་ནང་པའི་རྒྱལ་ཁབ་ཚོ་ལ་གཞུང་འབྲེལ་འབྲེལ་ལམ་བཙུགས་པ་མ་གཏོགས་ཕྱིའི་རྒྱལ་ཁབ་ཁག་ལ་དེ་ཙམ་འབྲེལ་བ་བཙུགས་མྱོང་མེད་ཚུལ་དང་། གཞན་ཡང་ཁོང་གིས་བོད་ཀྱི་གནད་དོན་ནི་ས་བབ་ཆབ་སྲིད་ཀྱི་ཆ་ནས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། ལྷག་པར་ད་ལྟའི་རྒྱ་ནག་གི་གནས་སྟངས་ལ་མཚོན་ན། ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དེ་སྔ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད། འོན་ཀྱང་། ཧོང་ཀོང་རྩིས་ལེན་བྱས་པའི་རྗེས་དེ་སྔ་ཧོང་ཀོང་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུའི་ཁས་ལེན་བྱས་པ་དེ་རྩིས་མེད་དུ་བཏང་ཡོད་པ་རེད། ད་ལྟ་འཛམ་གླིང་མི་མང་གིས་རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་ལ་རྩིས་མེད་རྡོག་རོལ་བཏང་བ་ནང་བཞིན་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལའང་རྩིས་མེད་རྡོག་རོལ་བཏང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེང་སང་རྒྱ་ནག་གིས་བོད་ནང་གི་བོད་མི་ཚོས་རང་སྐྱོང་གི་གནས་བབ་ལོངས་སུ་སྤྱོད་བཞིན་ཡོད་ཅེས་བརྗོད་ཀྱི་ཡོད་པ་དེ་ནི་ མིང་ཙམ་མ་གཏོགས་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་ལ། ད་ཆ་ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་ནང་དཀའ་ངལ་ཅི་ཆེ་འཕྲད་བཞིན་པའི་གནས་སྟངས་ནི། དེ་སྔ་བོད་ནང་དུའང་དེ་ལྟར་དཀའ་ངལ་འཕྲད་ཡོད་ཅེས་འགྲེལ་བརྗོད་གནང་འདུག
བརྙན་འཕྲིན་བཅར་འདྲི་དང་ཧྥ་རན་སིའི་གཞུང་འབྲེལ་མི་སྣ་དང་ལྷན་མཇལ་འཕྲད་བཀའ་མོལ་གྱི་རྗེས་སུ། ཁོང་གིས་ཧྥ་རན་སིའི་བོད་རིགས་ཚོགས་པའི་སྐུ་ཚབ་དང་ལྷན་མཇལ་འཕྲད་གནང་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།