རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ཡོ་རོབ་རྒྱལ་ཁབ་ཁག་ཅིག་གི་ཕྱི་འབྲེལ་མི་སྣ་དང་མཉམ་བོད་དོན་གླེང་འདུག

རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་ཤིང་། ལྷག་པར་མི་རིགས་རང་དབང་ཐོབ་ཐང་གི་གནད་དོན་ལ་མཁས་པ་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་མཡེ་ཀལ་ཝན་ཝཱལཊ་(Dr. Michael van Walt)་ལགས་ཡོ་རོབ་ཀྱི་གྲོང་ཁྱེར་(Hague)་དང་པེ་རི་སི། དེ་བཞིན་(Brussels)་བཅས་སུ་བོད་དོན་དང་འབྲེལ་བའི་ཞུ་གཏུག་གླེང་མོལ་ཆེད་ཕྱི་ཟླ་༩་ཚེས་༢༧་ནས་ཉིན་གྲངས་ལྔའི་རིང་བསྐོར་བསྐྱོད་གནང་བཞིན་ཡོད་ཅིང་། (Brussels)་གྲོང་ཁྱེར་དུ་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་མི་སྣ་ཁག་ཅིག་དང་ཐུགས་འཕྲད་གནང་སྟེ། བོད་ནི་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དང་མི་མཐུན་པའི་ཐོག་ནས་བཙན་བཟུང་བྱས་པའི་ཡུལ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་(Belgium)་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་དང་མཇལ་འཕྲད་ཀྱིས། (Michael van Walt)་ལགས་ཀྱིས་བརྩམས་པའི་ཕྱག་དེབ་(The Tibet Brief 20/20)་ཕྱག་རྟགས་གནང་ཡོད་པ་རེད།
སྐུ་ཞབས་(Dr. Michael van Walt)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་གི་ཕྱག་དེབ་དེའི་ནང་། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་བོད་ཐོག་གནའ་རབས་ལོ་རྒྱུས་ཀྱི་ཐོག་ནས་བདག་དབང་ཡོད་པ་བརྗོད་བཞིན་པ་ནི་བདེན་པ་མིན་པ་དང་། བོད་འདི་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བདག་བཟུང་བྱས་པའི་ལུང་པ་ཞིག་ཡིན་པ་གསལ་སྟོན་བྱེད་ཡོད་པ་གསུངས་ཀྱི་འདུག་ལ། ཁོང་གིས་ད་དུང་། ཕྱག་དེབ་འདིའི་ནང་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་རྒྱ་ནག་བར་གྱི་འབྲེལ་ལམ་དང་། བོད་དང་འཛམ་གླིང་ཡུལ་གྲུ་གཞན་གྱི་བར་ལ་འབྲེལ་ལམ་གང་འདྲ་ཡོད་མེད་བཅས་པ་གསལ་སྟོན་བྱས་ཡོད་ཅེས་དང་། རྒྱལ་ཁབ་གང་ཞིག་གི་སྲིད་བྱུས་དང་འབྲེལ་བའི་འཆར་འགོད་བྱེད་སྐབས། རྒྱ་ནག་དང་བོད་ཀྱི་དཀའ་རྙོག་གནད་དོན་ལོ་རྒྱུས་ཀྱི་དཔང་པོ་འཕེར་བའི་སྒོ་ནས་སེལ་ཐབས་དགོས་པ་ལས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཅིག་པོར་འཇོག་ཐབས་མེད་པ་གསུངས་ཀྱི་འདུག་ལ། དེ་བཞིན་བོད་འདི་རྒྱ་ཁོངས་ལ་ངོས་འཛིན་བྱས་ན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་འགྲིག་ཐབས་ཡོད་མ་རེད་ཅེས་གསུངས་ཀྱི་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།