དབྱར་རྩྭ་དགུན་འབུ་དར་ཁྱབ་དང་སྤྱི་ཚོགས་ནང་གི་སེམས་ཚབས།
དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ཞིང་འབྲོག་མི་མང་གི་འཚོ་བའི་ཁྲོད་ཐོན་ཁུངས་གལ་ཆེ་ཞིག་ཡིན་ནའང་། མགོ་སྐོར་གཏོང་མཁན་ཚོ་ཁྲོམ་རའི་ནང་འཛུལ་ཏེ་དཀའ་ངལ་འཕྲད་བཞིན་འདུག
- 2024-09-11
-
-
-
འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།
དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་ཞིང་འབྲོག་མི་མང་གི་འཚོ་བའི་ཁྲོད་ཐོན་ཁུངས་གལ་ཆེ་ཞིག་ཡིན་ནའང་། མགོ་སྐོར་གཏོང་མཁན་ཚོ་ཁྲོམ་རའི་ནང་འཛུལ་ཏེ་དཀའ་ངལ་འཕྲད་བཞིན་འདུག
ལོ་ལྟར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་ནི་སྤྱི་ཟླ་ལྔ་པ་ནས་བདུན་པའི་བར་ཡིན་ཞིང་། སྐབས་དེ་དུས་དགུན་དུས་ཀྱི་གངས་ཆབ་རྣམས་ཉུང་དུ་སོང་ནས་བོད་ཀྱི་ཞིང་འབྲོག་མི་མང་སྟོང་ཕྲག་མང་པོས་བོད་མཐོ་སྒང་གི་རི་ཀླུང་དང་། སྤང་གཤོང་སོགས་ལ་འགྲིམས་ཏེ་“གསེར་འཇམ་”ཞེས་འབོད་སྲོལ་ཡོད་པའི་དབྱར་རྩྭ་དགུན་འབུའི་ཚོང་ལས་ལ་རེ་བ་རྒྱག་གི་ཡོད། འོན་ཀྱང་། ད་ཆ་དབྱར་རྩ་དགུན་འབུ་འཐུ་མཁན་རྣམས་རང་གནས་སུ་ཕྱིར་ལོག་ཟིན་ཡོད།
འབུ་མཁན་རྐོ་མཁན་རྣམས་གཡང་གཟར་རི་གཟར་སོགས་ལ་བདུན་ཕྲག་འགའ་ཤས་ཀྱི་རིང་སྐྱོད་པ་དེའི་དཀའ་སྡུག་རང་བཞིན་ནི་ཧ་ཅང་གི་བརྗོད་པ་དཀའ་བ་ཞིག་ཡིན། དབྱར་རྩ་དགུན་འབུ་ནད་རིགས་སྣ་ཚོགས་གསོ་བར་བེད་སྤྱོད་བྱེད་མུས་ཡིན་པ་དང་། ལྷག་པར་དུ་གྲོང་གསེབ་ཀྱི་ཁྱིམ་ཚང་ཞིག་གི་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ་༩༠དེ་ནས་སླེབས་ཀྱི་ཡོད་པ་བཤད་མཁན་ཡོད།
འོན་ཀྱང་། ཚོང་རྒྱུག་ཆེ་བས་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་ཚད་ལས་བརྒལ་བའི་རྐྱེན་གྱིས་ད་སྐབས་རང་བྱུང་ཁོར་ཡུག་ནང་རི་སྐྱེས་དབྱར་རྩྭ་སྔར་བཞིན་རྙེད་རྒྱུ་ཇེ་དཀའ་དུ་སོང་པའི་ཁར། གནམ་གཤིས་འགྱུར་ལྡོག་ནི་གདོང་ལེན་བྱེད་དགོས་པའི་དཀལ་ངལ་གཞན་ཞིག་ཆགས་ཡོད། ལྷག་དོན་དུ་བོད་མཐོ་སྒང་གི་ཚ་དྲོད་ཇེ་ཆེར་སོང་བ་དེས། དབྱར་རྩྭ་དགུན་འབུར་དགོས་མཁོ་ཆེ་བའི་དགུན་དུས་ཀྱི་དུས་ཡུན་དེ་ཡང་ཇེ་ཐུང་དུ་འགྲོ་བཞིན་ཡོད།
བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ད་ལྟ་ཉེན་ཁ་གསར་པ་ཞིག་འབྱུང་བཞིན་ཡོད་དེ་ནི། ཐོན་སྐྱེད་དང་དགོས་མཁོའི་བར་གྱི་སྟོང་ཆ་སྐོང་ཆེད་བཟོས་པའི་འབུའམ་མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་གང་རུང་གི་རྣམ་པ་ཅན་ཞིག་མངོན་གསལ་འདོད་པོས་སྒོ་ནས་ཁྲོམ་རའི་ནང་དངོས་སུ་སིམ་འཛུལ་བྱས་པ་དེ་ཡིན་པ་གསུངས་ཤིང་། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས། མིས་འདེབས་འཛུགས་བྱས་པའི་དབྱར་རྩ་དགུན་འབུའི་ཚོང་ལས་དང་ཁྲོམ་ར་ཚད་ལྡན་དུ་གཏོང་ཐབས་བྱེད་མུས་ལ་མ་བལྟོས་པར། ད་སྐབས་དེ་དག་གིས་ཁྲོམ་རའི་ནང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པར་བརྟེན། བོད་ནང་བོད་མི་ཁག་ཅིག་གི་འབུ་རྫུན་བཀག་སྡོམ་དང་ཞུ་འབོད་ཀྱི་བརྙན་ཐུང་སོགས་ནི་མི་མང་སྟོང་ཕྲག་མང་པོས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར།
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བློ་བཟང་ཡེ་ཤེས་ལགས་ཀྱིས། མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུས། འབྱུང་འགྱུར་བོད་ཀྱི་ཞིང་འབྲོག་མི་མང་སྟོང་ཕྲག་མང་པོའི་འཚོ་བར་དཀའ་ངལ་དང་ཉེན་ཁ་བཟོ་རྒྱུ་ཡིན་པ་ངེས་གཏན་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དབྱར་རྩྭ་དགུན་བུ་ཟེར་ན་ཅི་རེད། དེའི་ཐོན་ཁུངས་གང་ནས་ཡིན་ནམ།
དབྱར་རྩྭ་དགུན་བུ་ནི་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཞིག་ཡིན་ཞིང་། ཚན་རིག་གི་མིང་ལ་ཨོ་ཧྥི་ཡེ་ཁོར་ཌི་སེབ་སིན་སི་སི་(Ophiocordyceps sinensis)ཟེར། དགུན་དུས་འབུ་མེ་ལྕེ་བ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་ཞིང་། མདོར་ན་དབྱར་རྩྭ་དགུན་བུས་འབུ་ཕྲའི་དབང་རྩ་མ་ལག་ལ་ཁ་ལོ་བསྒྱུར་ནས། དབང་པོ་རྣམས་ཟོས་ཏེ་དཔྱིད་ཀར་མགོ་ནས་ཕྱིར་ཐོན་ཞིང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཏྲར་༤༠༠༠་ལྷག་གི་སར་ནས་སྨུག་མདོག་གི་གྲོད་པ་ཞིག་དང་ལྡན་པའི་སྒོ་ནས་ས་འོག་ནས་ཕྱིར་ཐོན་གྱི་ཡོད་ལ། རིང་ཚད་ནི་མཛུབ་མོ་ཆུང་ཆུང་ཞིག་ལས་མེད། དེ་ཡང་དབྱར་རྩ་དགུན་འབུ་སྐྱེས་འཕེལ་གྱི་རྒྱུད་རིམ་དེ་ཨ་མི་རི་ཀའི་(HBO)་གློག་བརྙན་རྒྱང་སྲིང་གི་འབུ་ཕྲ་རོ་ལངས་ཀྱི་ལེ་ཚན་(The last of us)དང་མཚུངས་བསྡུར་བྱས་ཡོད།
གཞི་རྩའི་ཆ་ནས་དབྱར་རྩྭ་དགུན་བུ་ནི་བོད་མཐོ་སྒང་དང་ཧི་མ་ལ་ཡའི་རྒྱུད་ཁུལ་གྱི་ས་གཤིས་བཟང་ས་དང་ཐོན་ཁུངས་འཛོམས་སར་སྐྱེས་ཀྱི་ཡོད། མཚོ་སྔོན་ཞིང་ཆེན་དུ་ཆགས་པའི་ཡུལ་ཤུལ་ཁུལ་ནི་དབྱར་རྩྭ་དགུན་འབུའི་ཐོན་སྐྱེས་བཟང་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱུན་དུ་མཁའ་རླུང་གཙང་བའི་རི་འགོར་ཡུལ་མི་སྟོང་ཕྲག་མང་པོ་དབྱར་རྩྭ་འཐུ་བར་སྐྱོད་ཀྱི་ཡོད།
སྤྱིར་ལོ་རེའི་ནང་དབྱར་རྩྭ་དགུན་འབུ་ས་ཡ་༣༠༠ལྷག་བརྐོ་འཐུ་བྱེད་ཀྱི་ཡོད་འདུག་ལ། རྐང་གཅིག་ལ་རིན་གོང་ཨ་སྒོར་༧་དང་ཡང་ན་དེ་ལས་མང་བ་གནས་ཀྱི་ཡོད། དེར་བརྟེན། འབུ་དེར་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་ར་ལྡན་ཡོད།
དབྱར་རྩྭ་དགུན་འབུའི་དགོས་མཁོ་དང་བེད་སྤྱོད།
དབྱར་རྩྭ་དགུན་འབུ་ནི་བོད་རྒྱ་གཉིས་ཀྱི་སྲོལ་རྒྱུན་སྨན་ནང་བེད་སྤྱོད་བྱེད་སྲོལ་ཡོད་པ་དང་། ལྷག་པར་དུ་སྙིང་དང་མཆིན་པ། གློ་བའི་ནད་རིགས་གསོ་བཅོས་བྱེད་པར་བེད་སྤྱོད་ཀྱི་ཡོད། ཉེ་བའི་ཆར་ཕོ་མོའི་འཁྲིག་སྤྱོད་ཀྱི་ནུས་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་པ་བརྗོད་དེ། ཡོངས་གྲགས་སུ་འཁྲིག་སྤྱོད་གོང་མཐོར་དང་འབྲེལ་བའི་ཧི་མ་ལ་ཡའི་སྨན་རྫས་(Himalayan Viagra)ཞེས་འབོད་སྲོལ་ཡོད་པ་དང་། ཞིབ་འཇུག་གིས་ཕན་ནུས་ཀྱང་ཡོད་པ་བསྟན་ཡོད། འོན་ཀྱང་། ཚན་རིག་པ་ཚོས་ད་དུང་སྨན་དཔྱད་ཞིབ་འཇུག་མང་ཙམ་བྱེད་དགོས་པར་བརྗོད།
རྒྱུན་དུ་མི་ཚོས་དབྱར་རྩྭ་དགུན་པ་ནི་ཇ་དང་སྨན་ཁུའི་ཚུལ་དུ་ཆུ་ལ་བསྐོལ་ནས་འཐུང་བའམ་ཁའི་ནང་མུར་བ། ཡང་ན། ཞལ་ལག་སོགས་ཀྱི་ཁུ་བའམ་ཐང་གི་ཚུལ་དུ་བཟང་གཏུང་སོགས་བྱེད་སོགས་ཡོད་པ་རེད།
ད་སྐབས་མི་རྣམས་ཀྱི་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་དོན་ཅི་ཡིན་ནམ།
མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུའི་སོན་ཐིག་ཕྱིར་མ་ཐོན་གོང་ནས་སྔོག་འཐུ་བྱེད་ཀྱི་ཡོད་པ་དེས། འབུ་དེ་བཞིན་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་འཕྲད་ཀྱི་ཡོད་པ་དང་། དེའི་རྐྱེན་པས་དབྱར་རྩྭ་དགུན་འབུའི་གྲངས་འབོར་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།
དེར་བརྟེན་རྒྱ་ནག་གིས་མིས་འདེབས་འཛུགས་བྱས་པའི་དབྱར་རྩ་དགུན་འབུ་གོང་འཕེལ་དུ་འགྲོ་བ་དམིགས་བསལ་སྐུལ་མ་བཏང་ཡོད་པ་མ་ཟད། ཁེ་གཉེར་ལས་ཁང་ཞིག་གིས། དཀའ་གནད་དེ་སེལ་ཐུབ་པའི་སྐོར་གནས་ཚུལ་སྤེལ་ཏེ། རང་བྱུང་ཁམས་ནས་རྙེད་པའི་ཨོ་སི་ནེན་སིས་(O. sinensis)་ཤ་མོ་ལྟ་བུ་ཞིག་མིས་འདེབས་འཛུགས་སྐྱེད་འཕེལ་བྱེད་འགོ་འཛུགས་ཡོད་པ་རེད།
འགྲོ་བ་མི་སྒེར་སོ་སོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་འགོ་འཛུགས་པ་དེའི་རྐྱེན་གྱིས། རི་སྐྱེས་དབྱར་རྩ་དགུན་འབུའི་རིང་གོང་ཇེ་ཉུང་སོང་ཞིང་། ད་དུང་ཉོ་མཁན་ཚོས་དེའི་སྨན་གྱི་ཁྱད་ཆོས་ལ་དོགས་ཟོན་དང་། རིམ་པས་ཡིད་ཆེས་མེད་པར་འགྱུར་བཞིན་ཡོད་པའི་སྐོར་འབྲེལ་ཡོད་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་དབྱར་རྩྭ་དགུན་འབུ་ཚོང་གཉེར་བྱེད་མཁན་ཞིག་གིས། རྒྱ་ནག་ཀོང་ཀྲོའུ་Guangzhou)་དུ་ཆགས་པའི་དབྱར་རྩྭ་དགུན་འབུའི་ཚོང་ར་གཙོ་བོ་ཞིག་ཏུ། མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་མང་དྲགས་པའི་རྐྱེན་གྱིས་མངགས་ཉོ་བྱེད་རྒྱུར་ཐེ་ཚོམ་བྱེད་བཞིན་འདུག་ཅེས་དང་། ཡང་མཚོ་སྔོན་ཞིང་ཆེན་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་གིས་ད་ལོ་རི་སྐྱེས་དབྱར་རྩྭའི་རིན་གོང་ཧ་ལམ་བརྒྱ་ཆ་༢༠མར་ཟག་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྲེར་དུ་གནས་སྡོད་ཚོང་པ་ཞིག་གིས། རང་ཉིད་ཀྱིས་སྔར་བཞིན་ཨ་སྒོར་༡༤ཙམ་གྱི་རིན་གོང་ཐོག་ནས་རི་སྐྱེས་དབྱར་རྩྭ་ཚོང་གཉེར་བྱེད་མུས་ཡིན་ནའང་། ད་སྐབས་རྫུན་མ་དང་མི་འདེབས་འཛུགས་བྱས་པའི་དབྱར་རྩྭ་འབོར་ཆེན་ཞིག་ཁྲོམ་རའི་ནང་སླེབས་ཟིན་ཡོད་སྟབས། ཚོང་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་བརྗོད་ཅིང་། དྲྭ་ཐོག་ནས་ཉིན་རེར་ནང་མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་སྟོང་ཕྲག་མང་པོ་ཉོ་ཚོང་བྱེད་བཞིན་ཡོད་པ་དེས། ཁོང་གི་ཚོང་ལས་དེ་བཞིན་ཉེན་ཁར་ལྷུང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་རི་སྐྱེས་དབྱར་རྩྭ་དང་མིས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུ་གཉིས་དབར་ཁྱད་པར་ཡོད་ཀྱང་། ཉེ་བའི་ཞིབ་འཇུག་གི་གྲུབ་ཐོན་ནང་། རེ་སྐྱེས་དབྱར་རྩྭ་དགུན་འབུའི་ནང་ཡོད་པས། རྫས་ནུས་ཡོངས་རྫོགས་འདེབས་འཛུགས་བྱས་པའི་དབྱར་རྩྭ་དགུན་འབུར་ཡང་ཧ་ལམ་གཅིག་མཚུངས་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་དབྱར་རྩྭ་དགུན་འབུའི་སྲོལ་རྒྱུན་གྱི་ཁྲོམ་ར་སྲུང་སྐྱོབ་ཆེད་ག་རེད་བྱེད་ཀྱི་ཡོད་དམ།
ཉེ་བའི་འཆར་རྒྱ་ནག་གཞུང་གི་མིས་འདེབས་འཛུགས་བྱས་པའི་དབྱར་དགུན་འབུ་དང་འབྲེལ་བའི་བརྡ་ཁྱབ་སྤེལ་སྟངས་ལ་གཞིགས་ན། འབྲེལ་ཡོད་གཞུང་གི་དབང་འཛིན་པ་ཚོས། བོད་མི་ཞིང་འབྲོག་མི་མང་ཁག་ཅིག་ལ་དཔལ་འབྱོར་གྱི་ཉེན་ཁ་དང་དཀའ་ངལ་འཕྲད་བཞིན་ཡོད་པ་ཤེས་རྟོགས་ཡོད་པར་སྣང་ཞིང་།
འདི་ལོའི་སྤྱི་ཟླ་༤པའི་ནང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཟེར་བས། མི་བཟོས་དབྱར་རྩྭ་དགུན་འབུ་འདེབས་འཛུགས་བྱེད་སྒོ་མི་ཆོག་པའི་སྐོར་བརྡ་ཁྱབ་བཏང་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་གཞན་ཁག་ཅིག་ནང་དུ་ཡང་གཅིག་མཚུངས་ཀྱི་བརྡ་ཁྱབ་བཏང་ཡོད། འོན་ཀྱང་། ནག་ཆུ་ཁུལ་གྱི་བོད་མི་ཞིག་གིས། གཞུང་ཕྱོགས་ནས་མི་ཐབས་ལ་བརྟེན་ནས་བཏབས་པའི་དབྱར་རྩ་དགུན་འབུ་བཀག་སྡོམ་དང་འབྲེལ་བའི་བརྡ་ཁྱབ་ཁག ལག་ལེན་བསྟར་ཕྱོགས་ཐད་ལྷོད་དབྱིངས་ཕྱིན་ཏེ། རེ་སྐྱེས་དབྱར་རྩའི་ཚོང་ལས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཞིང་། སྤྱིར་ནག་ཆུའི་དབྱར་རྩྭད་དགུན་འབུ་ནི་ཆེས་ཡག་ཤོས་གྲས་སུ་བརྩི་བཞིན་ཡོད་པ་རེད།
གཞན་ཡང་བོད་ནང་ཚོང་པ་གཞན་ཞིག་གིས། རྒྱ་ནག་གཞུང་གིས་ཁྲིམས་དང་སྒྲིག་གཞི་དུ་མ་ཞིག་བཟོས་ཏེ། མིས་འདེབས་འཛུགས་བྱས་པའི་དབྱར་རྩ་དགུན་འབུ་བཀག་སྡོམ་བྱས་ཡོད་ཚུལ་བསྒྲགས་སོང་། འོན་ཀྱང་། དོན་དངོས་ཐོག་ཁྲོམ་རའི་ནང་དུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པ་ཚོས་དབྱར་རྩྭ་དགུན་འབུ་རྫུན་མ་དེ་བཞིན་བཙན་གྱི་བཀག་འགོག་བྱེད་ཀྱི་མེད་པ་དེས། ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། ཇིམ་སེ་ནའེ་ཏྲར་དང་། བྷོར་དྷེནྔ་།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།