ཁེ་ཎ་ཌའི་ནང་༧གོང་ས་མཆོག་གི་འཁྲུངས་སྐར་དང་མཉམ་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཟླ་བ་སྲུང་བརྩི།
ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་མཉམ་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཟླ་བ་སྲུང་བརྩི་གནང་བཞིན་ཡོད་འདུག
- 2023-07-06
-
-
-
དེ་ཡང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༦ཉིན་ཕྱི་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པར། བོད་མི་གཙོས་འཛམ་གླིང་གི་ཡུལ་གྲུ་ཧ་ཅང་མང་པོ་ནས་མགོན་པོ་གང་ཉིད་ཀྱི་རྗེས་འཇུག་ས་ཡ་མང་པོས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལྟར། ཁེ་ཎ་ཌའི་(Ontaria)་མངའ་སྡེའི་ནང་གནས་སྡོད་གནང་མཁན་བོད་མི་ཚོས་ཀྱང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་མཉམ་སྤྱི་ཟླ་བདུན་པ་འདི་བཞིན་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཟླ་བར་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནི་ཁེ་ཎ་ཌའི་(Ontario)་མངའ་སྡེ་ཡིས་ཕྱི་ཟླ་བདུན་པ་འདི་བཞིན་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཟླ་བར་སྲུང་བརྩི་ཞུ་རྒྱུའི་ཆེད་མངའ་སྡེའི་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་ཁྲིམས་འཆར་བཏོན་པ་ལྟར་ཕྱི་ལོ་༢༠༢༠ལོར་གཏན་འབེབས་བྱུང་བ་བཞིན། ཁུལ་དེར་གནས་སྡོད་གནང་མཁན་བོད་མི་ཚོས་འདི་ལོ་རིག་གཞུང་གཅེས་འཛིན་གྱི་ཟླ་བ་སྲུང་བརྩི་གནང་ཐེངས་གསུམ་པ་དེ་ཡིན་པ་དང་། ཟླ་བ་འདིའི་ནང་ས་གནས་དེར་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་དང་། མང་ཚོགས་ལ་བོད་སྐོར་གོ་རྟོགས་སྤེལ་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་མུ་མཐུད་དུ་རང་གི་རིག་གཞུང་གཅེས་འཛིན་ཀྱི་ལམ་ནས་ས་གནས་མངའ་སྡེ་ལ་ཕན་པའི་ལས་ཀ་བྱ་དགོས་པའི་གོ་རྟོགས་སྤེལ་བཞིན་ཡོད་པ་རེད།
ཁེ་ན་ཌའི་ཨོན་ཊཱེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་དཀར་པོ་ཆེ་བུ་ཁྲིད་ལགས་ནི། བྱང་ཨ་མི་རི་ཀའི་ནང་གི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་བ་དང་། དེའི་རྗེས་མངའ་སྡེའི་ཆབ་སྲིད་ཚོགས་པ་ཆེ་ཁག་ཞིག་གི་ཚོགས་གཞོན་དུ་བསྐོས་པ་བོད་རིགས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་ཅིང་། ཁེ་ན་ཌའི་ཨོན་ཊཱེ་རི་ཡོ་མངའ་སྡེ་ནི་བྱང་ཨ་རིའི་ཁུལ་ནས་ནིའུ་ཡོག་གྲོང་ཁྱེར་གྱི་རྗེས་སུ་བོད་མི་མང་ཤོས་གནས་ཡུལ་ཆགས་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།